མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་ཉེར་གསུམ་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་ནས་མཚོ་སྔོན་དུ་ཡོང་བའི་སྐོར་ཐེངས་ཉེར་གསུམ་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ལས་ཁུར་སྦྱོར་བརྡར་བྱེད་པའི་འབུམ་རམས་པའི་སློབ་སྦྱོང་དང་བྱ་བ། འཚོ་བའི་གནས་ཚུལ་ལ་ཉན་པ་དང་། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་གོ་རིམ་རྗེས་མའི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་མྱུར་དུ་འཛུགས་སྐྲུན་བྱེད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་ཆེད། རང་ཞིང་གིས་ཐེངས་དང་པོར་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཚོགས་པ་བཙུགས་པ་དང་། དེ་དང་མཉམ་དུ། ལས་ཁུར་སྦྱོང་བརྡར་བྱེད་པའི་འབུམ་རམས་པའི་ཞིབ་འཇུག་ཁ་ཕྱོགས་ལ་ཟུང་འབྲེལ་བྱས་ནས། སོ་སོར་ཐོན་ལས་འཕེལ་རྒྱས་ཚན་ཆུང་དང་མཐོ་རིམ་སློབ་གསོའི་ཚན་ཆུང་བཙུགས་པ་དང་། ཚོགས་པ་ཆེན་པོ་དང་མཉམ་ལས་ཆུང་བའི་བྱ་བའི་མ་དཔེ་བཙུགས་ཏེ། ཚོགས་པའི་དགེ་མཚན་ལ་བརྟེན་ནས་རང་ཞིང་གི་མཐོ་སྒང་གསོ་རིག་དང་དེང་རབས་ཐོན་ལས། མཐོ་རིམ་སློབ་གསོ་སོགས་ཁྱབ་ཁོངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས། ལོ་ཕྱེད་ཀའི་རིང་ལ། འབུམ་རམས་པ་ཉེར་བརྒྱད་ཀྱིས་ལས་རྐང་ལ་རྐང་བཙུགས་པ་དང་ཁག་ཁུར་འབད་འཐབ་བྱས་པ་དང་། མི་སྒེར་གྱི་ཆེད་ལས་འཇོན་ཐང་དང་གདམ་མངག་སྡེ་ཁག་གི་ཐོན་ཁུངས་དགེ་མཚན་། དར་རྒྱས་ས་ཁུལ་གྱི་སྔོན་ཐོན་འདུ་ཤེས་བཅས་མཚོ་སྔོན་གྱི་བྱ་བའི་གནས་ཚུལ་དངོས་དང་མཉམ་བསྲེས་བྱས་ལ། བློ་འདོན་ལེགས་པོ་བྱས་པ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ལ། དངོས་གཉེར་གྱི་ཐབས་ཇུས་བཏོན་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། མིག་སྔའི་བར་དུ། ལག་རྩལ་གསར་བ་ཉེར་ལྔ་ལག་བསྟར་བྱས་པ་དང་། ཚན་རིག་ཞིབ་འཇུག་གི་རྣམ་གྲངས་དང་སྤྱོད་སྒོ་ཆེ་བའི་ཆེད་ཁེ་སུམ་ཅུ་ལྷག་གི་ཡིག་ཐོག་སྙན་ཞུ་ཕུལ་ལ། རྩད་ཆོད་དཀའ་བའི་ནད་ཀྱི་གཤགས་བཅོས་ལྔ་བརྒྱ་ལྷག་ཡོངས་འགྲུབ་བྱུང་བ་དང་། འོས་འགན་སྨན་བཅོས་བྱ་འགུལ་ཐེངས་ཉི་ཤུ་དང་ཆེད་དོན་རྟོག་ཞིབ་ཐེངས་བཅུ་ལྷག་སྤེལ། ལྷག་པར་དུ་སྐབས་བཞི་པའི་མཚོ་སྔོན་གསར་བར་རོགས་འདེགས་བྱེད་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་གྲོས་མོལ་སྟེགས་བུ་ལ་རྒྱབ་བརྟེན་ནས། ནང་འགུག་ཕྱི་འབྲེལ་དང་མཚམས་སྦྱོར་ངོ་སྤྲོད་བྱས་པ་དང་། ཞབས་ཞུའི་སྡེ་ཁག་ལ་རོགས་བྱས་ནས་ཤེས་ལྡན་མི་སྣའི་རྣམ་གྲངས་ཉེར་གསུམ་སྦྲེལ་མཐུད་བྱས་ཏེ། ཤེས་ལྡན་མི་སྣ་དང་མ་དངུལ། ལག་རྩལ། དོ་དམ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་མཚོ་སྔོན་དུ་གཅིག་བསྡུ་བྱེད་པར་སྣེ་ཁྲིད་བྱས།

སྐོར་ཐེངས་ཉེར་གསུམ་པའི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཞོན་པ། ཐོན་ལས་འཕེལ་རྒྱས་ཚན་ཆུང་གི་ཚན་གཙོ་ལིས་ཧུང་ཅན་གྱིས། རྗེས་ཕྱོགས་ཀྱི་ལོ་ཕྱེད་ཀའི་ནང་། ང་ཚོས་མུ་མཐུད་དུ་ཆེད་ལས་ཀྱི་འཇོན་ཐང་འདོན་སྤེལ་བྱེད་པ་དང་། རང་འགུལ་གྱིས་སྦྲེལ་ཐག་གི་ནུས་པ་འདོན་པ། ཞིང་ཆེན་ཕྱིའི་རིག་སྟོབས་ཀྱི་དགེ་མཚན་དང་མ་དངུལ་གྱི་དགེ་མཚན། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། ཞབས་ཞུའི་སྡེ་ཁག་དང་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་པ་དང་། ཧུར་ཐག་གིས་ས་གནས་དེར་ཆེད་ལས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པ། ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།