རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་གཙོ་གནད་ས་ཁུལ་གྱི་ཆུ་ལོག་དང་མཚོ་རླུང་འགོག་པའི་ལས་དོན་ལ་གྲོས་མོལ་དང་བཀོད་སྒྲིག་བྱས།
2023.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཆུ་ལོག་དང་མཚོ་རླུང་འགོག་པའི་བྱ་བར་ཆེད་དོན་བརྙན་ལམ་གྲོས་མོལ་བཀོད་གཏོང་བྱས་ནས། ཀྲུང་གོ་གནམ་གཤིས་ཅུའུ་དང་ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་དང་མཉམ་འབྲེལ་བྱས་ཏེ་ཆར་བ་བབས་པའི་གནས་ཚུལ་དང་ཆུ་ལོག་གི་གནས་སྟངས། གནོད་ཐེབས་གནས་ཚུལ་བཅས་ལ་གྲོས་བསྡུར་བྱས་ནས། བརྙན་ལམ་ནས་ཐེན་ཅིན་དང་ལེའོ་ཉིང་། ཁྲུང་ཆིན། ཧྲའན་ཞི་སོགས་གཙོ་གནད་ས་ཁུལ་གྱི་ཆུ་ལོག་དང་མཚོ་རླུང་འགོག་པའི་བྱ་བར་བཀོད་སྒྲིག་བྱས།

གྲོས་མོལ་བྱེད་སྐབས་བསྟན་དོན། མིག་སྔར་སུང་ཧྭ་ཅང་གཙང་པོའི་ཆུ་ལག་གཙོ་བོའི་ཆུ་ལམ་ཁག་གཅིག་དང་དེ་བཞིན་ལཱ་ལིན་གཙང་པོ་སོགས་སུ་ད་དུང་ཆུ་ཆེ་རུ་རྒྱས་ནས་ཉེན་མཚམས་ལས་བརྒལ་བའི་རྣམ་པར་གནས་ཡོད་ཅིང་། ཧུའེ་ཧི་གཙང་པོའི་འབབ་རྒྱུད་ཀྱི་ཆུ་ལོག་ད་དུང་ཆ་ཡོངས་ནས་ཚར་མེད་ལ། ཧི་པེ་ཝུན་ཨན་ཐན་ལིས་ཀན་ཆུ་ལམ་སྔར་བཞིན་ཁེགས་ཡོད་པར་མ་ཟད། ཐེན་ཅིན་གྱི་ཆུ་ལམ་ཕྱུང་བའི་ལས་དོན་སྔར་ལས་གནད་འགག་དུས་སྐབས་སུ་སླེབས་ཡོད། སྔོན་དཔག་བྱས་པ་ལྟར་ན། ཚེས་བཅུ་གསུམ་དང་བཅུ་བཞི་ཉིན་གཉིས་ལ། བྱང་ཤར་དང་ནུབ་བྱང་། ལྷོ་ནུབ་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་སྔར་བཞིན་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་པ་འབྱུང་ཉེན་ཆེ།

གྲོལ་མོལ་བྱེད་སྐབས་བསྟན་དོན། ཆུ་ལོག་འགོག་སྲུང་གི་རྒྱུན་སྲིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྐོར་ཞིབ་ཀྱི་འགོག་སྲུང་དང་འཕྲལ་བསྟུན་ཉེན་སེལ་སྟོབས་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁར་ཞིབ་བཤེར་ཡང་དག་བྱས་ཏེ། རགས་ཁ་མ་ཤོར་བར་བྱེད་དགོས། སྤོ་སྒྱུར་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་འཚོ་བར་འགན་ལེན་དང་སེམས་གསོ་བྱེད་པ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་ནས། རང་ཁྱིམ་དུ་ཕྱིར་ལོག་པའི་ཆ་རྐྱེན་འཛོམས་མཁན་ལ་སྔ་ས་ནས་སྡོད་ཁང་གི་བདེ་འཇགས་ལ་བརྟག་བཤེར་བྱས་ཏེ། བདེ་འཇགས་ཡིན་པ་གཏན་འཁེལ་བྱས་རྗེས་མི་སྣ་རྩ་འཛུགས་སྒོས་ཕྱིར་ལོག་ཏུ་འཇུག་དགོས། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་ལ། སྔོན་ལ་ཉེན་བརྡ་གཏོང་དགོས། ལེའོ་ཉིང་དང་ཞིན་ཅང་། ལྷོ་ནུབ། ནུབ་བྱང་སོགས་ས་ཁུལ་གྱིས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་འགོག་ཟོན་གྱི་གཙོ་གནད་བྱ་བར་སྟངས་འཛིན་གང་ལེགས་བྱས་ཏེ། ཉེན་ཁ་དང་འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། གང་མགྱོགས་སྒོས་གནས་སྤོར་ཉེན་གཡོལ་ལས་དོན་ཡག་པོར་སྒྲུབ་དགོས། ཆུ་མཛོད་ཆུང་འབྲིང་གི“འགན་འཁུར་བ་གསུམ”དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། དྲག་ཆར་བབས་ཁུལ་གྱི་ཆུ་མཛོད་ཆུང་གྲས་ཐད་གནས་པའི་ཐལ་མཐའི་གནས་སྟངས་ལ་བསམ་གཞིགས་ནན་མོ་བྱས་ཏེ། ཉེན་སེལ་ཇུས་གཞིར་བསམ་གཞིགས་ཞིབ་ཕྲ་བྱེད་དགོས། དུས་མཚུངས་སུ། ཞིས་ཨན་ཁྲང་ཨན་གྲོང་ཁུལ་གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་དབང་གིས་འབྲེལ་ལམ་ཆད་པའི་མི་སྣའི་འཚོལ་སྐྱོབ་ལས་དོན་མུ་མཐུད་ཡག་པོར་སྒྲུབ་དགོས།

མིག་སྔར་རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཐེན་ཅིན་གྱི་ཆུ་ལོག་འགོག་པར་རིམ་པ་གཉིས་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་། པེ་ཅིང་དང་ཧི་པེ། ཅི་ལིན། ཧེ་ལུང་ཅང་བཅས་སུ་ཆུ་ལོག་འགོག་པར་རིམ་པ་གསུམ་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་ཡོད་ཅིང་། ལེའོ་ཉིང་གིས་ཆུ་ལོག་དང་མཚོ་རླུང་འགོག་པར་རིམ་པ་བཞི་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་ཡོད་ལ། བྱ་བའི་ཚན་ཆུང་གིས་ཐེན་ཅིན་དང་ཧི་པེ། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་བཅས་སུ་ཆུ་ལོག་དང་མཚོ་རླུང་འགོག་པའི་ལས་དོན་ལ་གཞོགས་འདེགས་དང་མཛུབ་སྟོན་གང་ལེགས་བྱེད་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།