ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་ཞོད་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཞོད་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ལས་བསྟན་དོན། ལོ་རེའི་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ནི་ཞོད་འགོག་གི་གནད་འགག་དུས་སྐབས་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་པ་དང་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ལ། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས་རང་འགན་གཙང་སྒྲུབ་བྱས་ནས། ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དམ་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཉེན་སེལ་དཔུང་སྡེ་ཀུན་གྱི་སྔོན་ལ་ཆས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་འཕྲལ་དུ་རོགས་སྐྱོར་བྱེད་སར་སོང་ཞིང་། ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལས་འགན་ལྕི་མོ་འཁུར་ཕོད་པར་བྱས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། མཉམ་དུ་ཞོད་འགོག་རྒུད་སྐྱོབ་དང་ཁྱིམ་གཞིས་སྲུང་བའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཏེ། གཞི་ནས་ཞོད་འགོག་རྒུད་སྐྱོབ་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་སྔར་བཞིན་ཞོད་འགོག་གི་གནད་འགག་དུས་སྐབས་སུ་གནས་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དྲག་ཆར་དང་ཆུ་ལོག མཚོ་རླུང་སོགས་ཀྱི་གནོད་འཚེ་སྔར་བཞིན་འབྱུང་བཞིན་པར་མ་ཟད། ཆུ་བོ་ཁག་ཅིག་གི་འབབ་རྒྱུད་དུ་ཆུ་ལོག་གི་གནོད་འཚེའི་ཉེན་ཁ་སྔར་བཞིན་གནས་པ་ལས་གཞན། ཧྭ་བྱང་དང་བྱང་ཤར་གྱི་རི་ཁུལ་ཁག་ཅིག་གི་ས་རྒྱུའི་ཆུ་འདུས་ཚད་ཆེ་བ་དང་། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཆེ་བ་བཅས་ཀྱི་དབང་གིས། སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ས་ཁུལ་ཁ་ཤས་སུ་ཐན་སྐྱོན་བྱུང་ནས་ཐན་སྐྱོན་གྱི་འཕེལ་ཕྱོགས་སྔར་བཞིན་ཅུང་ཛ་དྲག་གི་རྣམ་པར་འཕེལ་བཞིན་ཡོད་པས་ལྷོད་གཡེང་གཏན་ནས་བྱེད་མི་རུང་། འབྲེལ་ཡོད་ས་གནས་དང་སྡེ་ཁག ལས་ཁུངས་སོ་སོས་ཐོག་མཐའ་བར་གསུམ་དུ་ཞོད་འགོག་རྒུད་སྐྱོབ་ཐད་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་སྟེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ཞོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་ཐོག་མཐའ་བར་གསུམ་དུ་ཡག་པོར་སྒྲུབ་དགོས།

གྲོས་ཚོགས་ལས་བསྟན་དོན། གནད་དུ་འཁེལ་བའི་སྒོ་ནས་སྔོན་བརྡ་གཏོང་བ་དང་ཁ་གཏད་འཇལ་ཏེ། གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་དང་གནོད་འཚེའི་སྔོན་བརྡ་མཉམ་དུ་གཏོང་བར་སྔར་ལས་ཤུགས་སྣོན་པ་དང་། གནོད་འཚེའི་སྔོན་དུ་ཉེན་བརྡ་གཏོང་རྒྱུ་འབུར་དུ་ཐོན་པར་བྱེད་པ། གནས་ནས་གནས་བར་གྱི་གནད་འཁེལ་སྔོན་བརྡ་དང་རིམ་སྤོར་གསར་བརྗེ་ཡག་པོ་བྱེད་པ། ཉེན་ཟོན་སྔོན་བརྡ་གཏོང་ཕྱོགས་ལ་ཤུགས་སྣོན་པ། གཞི་རིམ་གྱི་ཞོད་འགོག་འགན་སྒྲུབ་མི་སྣར་ཐད་ཀར་དུ་འབྲེལ་བའི་གནོད་འཚེའི་སྔོན་གྱི་ཉེན་བརྡ་འཕྲལ་བསྟུན་རྐྱེན་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། ཉེན་ཟོན་སྔོན་བརྡ་དང་འཕྲལ་བསྟུན་དང་ལེན་མཉམ་འགུལ་ལ་ཤུགས་སྣོན་པ། འཕྲལ་བསྟུན་སྔོན་ཇུས་དང་བྱ་སྤྱོད་དོན་འཁྱོལ་བྱེད་པ། བྱ་བའི་རང་འགུལ་དབང་ཆར་སྟངས་འཛིན་བཅས་བྱེད་དགོས། འགོག་སྲུང་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། འབབ་རྒྱུད་རང་བཞིན་གྱི་ཆུ་ལོག་ཆེན་པོ་ནི་ཐོག་མཐའ་བར་གསུམ་དུ་ཞོད་འགོག་བྱ་བའི་གལ་འགངས་ཆེ་ཤོས་སུ་བརྩིས་ནས། གཙང་པོ་དང་ཆུ་བོའི་འབབ་རྒྱུད་ཀྱི་ཞོད་འགོག་བཀོད་གཏོང་ལས་དོན་ལ་ཇུས་འགོད་དང་དེ་དོན་འཁྱོལ་ཡག་པོ་བྱས་ཏེ། སྔོན་ཇུས་དང་དཔུང་སྡེ། དངོས་ཟོག ཆུ་ལོག་གསོག་ཁུལ་བཅས་ཁྱོན་ཡོངས་ནས་བེད་སྤྱོད་གཏོང་རྒྱུའི་ཐད་གྲ་སྒྲིག་གང་ལེགས་བྱས་ཏེ། གཙང་པོ་དང་ཆུ་བོ་ཆེ་གྲས་ཆུ་ལོག་གི་དུས་སྐབས་ལས་བདེ་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས། ཆུ་བོ་ཆུང་འབྲིང་གི་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁྱིལ་ཆུའི་གནོད་སྐྱོན་སོགས་ལྷུ་ཚིགས་ཞན་སར་ཆུ་ལོག་སྔོན་འགོག་དང་བདེ་སྲུང་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ནས། ཉེན་ཁའི་འགལ་རྐྱེན་སྣ་ཚོགས་གནོད་འཚེ་མ་ཕོག་པའི་སྔོན་ལ་སེལ་གང་ཐུབ་བྱེད་དགོས། ཞོད་འགོག་ཐན་འགོག་བྱ་བར་གཅིག་གྱུར་གྱིས་འཆར་འགོད་དམ་འཛིན་ཡག་པོ་བྱས་ནས། ཐན་ཞོད་དུས་གཅིག་ཏུ་ཐོན་པ་དང་ཐན་ཞོད་གློ་བུར་དུ་ཐོན་རྒྱུར་ནན་འགོག་བྱེད་དགོས། ཉེན་ཁ་ལས་གཡོལ་ཆེད་བློ་ཐག་རྦད་ཆོད་སྒོས་གནས་སྤོར་བ་དང་། “སྔོན་འགོག་མ་བྱས་ཐབས་མེད་ཀྱི”འགག་རྩའི་དུས་སུ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་བློ་ཐག་རྦད་ཆོད་སྒོས་གནས་གཞན་དུ་སྤར་ཏེ། མི་སྣའི་གནས་སྤོར་དང་ཉེན་གཡོལ་སྔོན་ཇུས་སྔར་ལས་ཞིབ་ཚགས་སུ་བཏང་ནས། གནས་སྤོར་དགོས་ངེས་ཀྱི་རིགས་ངེས་པར་དུ་གནས་སྤོར་བར་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཉེན་སེལ་དཔུང་སྡེ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་རོགས་སྐྱོབ་སྟོབས་ཤུགས་སོགས་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ལ་གཅིག་འདོམས་བཀོད་གཏོང་བྱས་ནས། ཕན་འབྲས་ཆེ་བའི་རོགས་སྐྱོབ་དང་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱ་རྒྱུར་འགན་ལེན་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཆུ་རགས་བརྟན་གཏོང་དང་ཉེན་ཁར་འཕྲད་པའི་མི་སྣ་མྱུར་སྐྱོབ་བྱེད་པ། གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་བཅས་བྱས་ནས། མི་སྣ་ཤི་རྨས་ཀྱི་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཉམ་ཞན་གྱི་ཆུ་རགས་དང་འགག་རྩའི་ཆུ་རགས་སྔོན་ལ་ཇེ་བརྟན་དུ་གཏོང་བ་དང་། ཆེད་དམིགས་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་རྒྱུན་ཆད་མེད་པར་སྐོར་ཞིབ་བྱེད་པ། སྦུག་ལམ་ལས་ཆུ་འཛུར་བ་དང་རགས་ཁ་ཤོར་བ་སོགས་ཉེན་ཁ་ཆེ་རིགས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་ཏེ། བདེ་འཇགས་ཞོད་འགོག་གི་ཚད་མཐའ་མཐའ་གཅིག་ཏུ་སྲུང་དགོས། མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་། ཐེངས་འདིར་གནོད་འཚེ་ཕོག་ཁྱོན་ཆེ་བ་དང་ཆུ་ལོག་གསོག་ཚད་མང་ལ། མང་ཚོགས་གནས་སྤོར་བཀོད་སྒྲིག་མང་བས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཐབས་བརྒྱ་ཇུས་སྟོང་གིས་འགན་ལེན་ཡག་པོ་བྱེད་དགོས། ཁོར་ཡུག་དུག་སེལ་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། ཁྲོམ་རའི་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་ཤུགས་བསྣན་ནས། གནོད་ཐེབས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་ཀྱིས་སླར་གསོ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། རྒུད་སྐྱོབ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་སླར་གསོ་དང་བསྐྱར་འཛུགས་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་སོགས་ཀྱི་གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་ཆས་མྱུར་མོར་ཞིག་གསོ་བྱེད་པ། གནོད་འཚེ་ཕོག་པའི་ས་ཞིང་དང་ཞིང་ལས་སྒྲིག་ཆས་སླར་གསོ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་རྒྱུ་ཆས་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པའི་ཞིང་ལས་ལག་རྩལ་ལ་མཛུབ་སྟོན་བྱ་རྒྱུར་ཤུགས་སྣོན་པ། ཞིང་པ་རྩ་འཛུགས་བྱས་ནས་གསབ་འདེབས་ཧུར་ཐག་བྱས་ཏེ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་བྱ་བ་ཡག་པོར་སྒྲུབ་ནས། ཞིང་ལས་ཀྱི་གྱོང་གུད་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས། སློབ་གྲྭ་དང་སྨན་ཁང་། རྒན་གསོ་ཁང་སོགས་སྤྱི་པའི་སྒྲིག་ཆས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་ནས། གནོད་འཚེ་ཕོག་པའི་སློབ་མ་ཚང་མ་དུས་ཐོག་ཏུ་སློབ་གྲྭར་ཕྱིར་ལོག་པར་འགན་ལེན་བྱེད་དགོས། གནོད་འཚེ་ཕོག་པའི་ཁང་པ་ཞིག་གསོ་བསྐྱར་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། གནོད་འཚེ་ཕོག་པའི་མང་ཚོགས་དགུན་ཁ་མ་ཐོན་སྔོན་ལ་རང་ཁྱིམ་དུ་ལོག་ཐུབ་པར་བྱེད་པའམ་ཡང་ན་སྡོད་ཁང་གསར་པར་སྤར་ནས། བདེ་འཇགས་ལྡན་ལ་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་འབྲེལ་ཡོད་གོ་རིམ་སྟབས་བདེ་རུ་གཏོང་བ་དང་གནོད་འཚེ་ཕོག་ཁུལ་ལ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་རྒྱུ་དང་འགན་བཅོལ་སྐྱིན་གསབ་སྤྲོད་རྒྱུར་ཤུགས་སྣོན་དགོས་པ་དང་མཉམ་དུ། ཉེན་ཁའི་འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་བཟང་བོ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་དང་ཚོང་གཉེར་གཙོ་གཞི་དཀའ་གནད་ལས་ཐར་བར་ཧུར་ཐག་གིས་རོགས་རམ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གྲལ་བཤེར་དང་ཕྱོགས་སྡོམ་ནན་ཏན་བྱས་ནས་ཞན་ཆ་གསབ་པ་དང་མི་འདང་སར་ཤུགས་་བསྣན་ཏེ། རང་རྒྱལ་གྱི་གནོད་འགོག་གནོད་སེལ་གྱི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་མ་ལག་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་། བཀོད་གཏོང་བཀོད་འདོམས་དང་མཉམ་གྲོས་ཞིབ་གཅོད། ལས་སྒོ་འགན་ལེན་སོགས་ཀྱི་སྒྲིག་ཆས་དང་མ་ལག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། གོང་འོག་འབྲེལ་མཐུད་དང་གཞི་གཅིག་ཅན་གྱི་རྣམ་པས་ཁ་གཏད་འཇལ་རྒྱུར་འགན་ལེན་བྱེད་དགོས། རྒྱལ་ཁབ་ས་ཁོངས་འཕྲལ་བསྟུན་རོགས་སྐྱོབ་ལྟེ་གནས་ཀྱིས་ནུས་པ་ཇེ་ཆེར་བཏང་ནས། དཀའ་ཁག་དང་ཉེན་ཁ་ཆེ་བའི་ལས་འགན་ལག་བསྟར་བྱེད་པ་དང་། ས་ཁོངས་རང་བཞིན་གྱི་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་དགོས་མཁོ་མངོན་གསལ་ཅན་དུ་བཏང་ནས། ས་ཁོངས་ཀྱི་རོགས་སྐྱོབ་དངོས་འཐབ་ནུས་པ་གང་མགྱོགས་སྒོས་གྲུབ་པར་བྱེད་དགོས། གཞི་རིམ་གྱི་གནོད་་འགོག་ཉེན་གཡོལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ་དང་། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་རྩ་འཛུགས་མ་ལག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་བསྟུན་རོགས་སྐྱོབ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་དེ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། གནོད་འཚེ་སྔོན་འགོག་གི་གཙོ་གནད་ས་ཁོངས་དང་ཉེན་ཁ་ཆེ་བའི་ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་ཚན་ཆུང་ལ་དགོས་ངེས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས། གཞི་རིམ་གྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་ནུས་ཆེ་རུ་གཏོང་དགོས། འབབ་རྒྱུད་དང་ལྷག་པར་དུ་བྱང་ཕྱོགས་ས་ཁུལ་གྱི་གཙང་པོ་དང་ཆུ་ལག་གཙོ་བོའི་འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་བཟོ་སྐྲུན་མ་ལག་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ་དང་། ཆུ་ལོག་གསོག་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ལ་ཤུགས་བསྣན་ནས། འགོག་སྲུང་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་ནུས་པར་འཆར་འགོད་གང་ལེགས་བྱེད་པ་དང་དེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། གྲོང་ཁྱེར་གྱི་ཆུ་འབུད་སྦུ་གུའི་དྲ་བ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཁོར་སྐྱོད་ནུས་པ་གསར་བརྗེ་བྱེད་པ་དང་ཇེ་མཐོར་གཏོང་བ། ཆུ་ལམ་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་བཟོ་སྐྲུན་དང་སྦྲེལ་མཐུད་ནུས་ལྡན་བཅས་བྱས་ནས། གྲོང་ཁྱེར་གྱི་ཆུ་འབུད་སྦུག་ལམ་གཙོ་བོ་གེགས་མེད་ཡོང་བར་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། རང་བདག་འགན་འཁྲི་སྔར་ལས་དོན་འཁྱོལ་གང་ལེགས་བྱེད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ། འབྲེལ་ཡོད་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་བྱེད་པ། ཉེན་སེལ་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞོད་འགོག་རྒུད་སྐྱོབ་ཀྱི་འཐབ་ས་དང་པོའི་འགན་འཁྲི་ལྕི་མོ་འཁུར་བ་དང་ཀུན་གྱི་སྔོན་མ་བྱས་ཏེ་གདོང་ལེན་པ་དང་གདོང་མཆོང་པ་བྱས་ནས། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དགེ་མཚན་བཅས་ཞོད་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོར་འགྱུར་བར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།