ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཧྭ་ཧྲིན་ཐོན་མངའ་སྡེའི“ཨ་མེ་རི་ཁ་དང་ཀྲུང་གོའི་ན་ཆུང་སློབ་མའི་བརྗེ་རེས་མཐུན་ཚོགས”དང་ལས་རིགས་སོ་སོའི་མཛའ་མཐུན་མི་སྣར་ཡིག་ལན་བསྐུར།
2023.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཧྭ་ཧྲིན་ཐོན་མངའ་སྡེའི“ཨ་མེ་རི་ཁ་དང་ཀྲུང་གོའི་ན་ཆུང་སློབ་མའི་བརྗེ་རེས་མཐུན་ཚོགས”དང་ལས་རིགས་སོ་སོའི་མཛའ་མཐུན་མི་སྣར་ཡིག་ལན་བསྐུར།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཧྭ་ཧྲིན་ཐོན་མངའ་སྡེའི“ཨ་་མེ་རི་ཁ་དང་ཀྲུང་གོའི་ན་ཆུང་སློབ་མའི་བརྗེ་རེས་མཐུན་ཚོགས”དང་ལས་རིགས་སོ་སོའི་མཛའ་མཐུན་མི་སྣས། ཀྲུང་གོས་འཛམ་གླིང་གི་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་བསྡུས་པ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བསྡུ་བར་སྨོན་འདུན་བཟང་པོ་ཞུས་པར་ཐུགས་རྗེ་ཆེ་ཞུས། ཞི་ཅིན་ཕིང་གིས་ལུས་རྩལ་ནི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་འབྲེལ་ཐག་ཅིག་ཡིན། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། “སྟབས་བདེ་དང་བདེ་འཇགས། ངོ་མཚར”བཅས་ཀྱི་ཁྲིན་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཆེན་མོ་རྒྱལ་ཁའི་བསྡུས་ཡོད་ལ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ད་དུང་ཧང་ཀྲོའུ་རུ་ངོ་མཚར་ཆེ་བའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བསྡུ་ཐུབ་པར་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་རེ་བ་དེ་མི་དམངས་ལ་རག་ལས་ཡོད་ཅིང་རྨང་གཞིའང་དམངས་ཁྲོད་དུ་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀའི་མ་འོངས་པའི་འབྲེལ་བ་དེའང་གཞོན་ནུ་ཚོར་འབྲེལ་བ་ངེས་ཅན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་གཞོན་ནུ་སྔར་ལས་གང་མང་གིས་ཕན་ཚུན་འཆམ་མཐུན་དང་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་ཕོ་ཉ་གསར་བ་རུ་འགྱུར་བར་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་ལ་སྒུལ་ཤུགས་སྣོན་རྒྱུའི་རེ་བ་ཡོད། “ཨ་མེ་རི་ཁ་དང་ཀྲུང་གོའི་ན་ཆུང་སློབ་མའི་བརྗེ་རེས་མཐུན་ཚོགས”དང་གྲོགས་པོ་རྣམ་པས། ཀྲུང་གོ་དང་ཨ་མེ་རི་ཁའི་ན་གཞོན་གྱི་མཛའ་མཐུན་འགྲོ་འོང་དང་དེ་བཞིན་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ལེགས་སྐྱེས་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།