ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་གྲོལ་བའི་མཛད་སྒོར་ཤིས་ཚིག་ཕུལ།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་གྲོལ་བའི་མཛད་སྒོའི་སྟེང་དུ། ཁ་བྱང་ལ《མཐུན་སྒྲིལ་མཉམ་ལས་གཏིང་ཟབ་བྱེད་པ་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་ཏེ་སྔར་ལས་མཛེས་སྡུག་གི་འཛམ་གླིང་བསྐྲུན་དགོས》ཞེས་པའི་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་རྣམ་པའི་ངོས་ནས་འཕེལ་བཞིན་ཡོད་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་གནད་འགག་གི་དུས་རིམ་དུ་སླེབས་ཡོད། ད་ནས་བཟུང་མིའི་རིགས་ཀྱིས་མཉམ་ལས་དང་མཉམ་འདྲེས་རྒྱུན་འཁྱོངས་བྱེད་དམ་ཁ་བྲལ་དང་ཁ་གཏད་དུ་ལངས་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན། ལག་གདང་སྦྲེལ་ནས་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དམ་“འཇམ་འཐབ་གསར་པའི”འོབས་དོང་ཕྱོགས་སུ་བསྐྱོད་རྒྱུ་ཡིན། སྒོ་འབྱེད་དང་དཀྱེལ་ཡངས་དང་འགྲོགས་ནས་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ནམ་་བཙན་དབང་གི་ཁྲོད་དུ་རྒུད་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་དུ་ཕན་ཚུན་བར་གྱི་ཡིད་ཆེས་ཆེ་རུ་གཏོང་རྒྱུ་ཡིན་ནམ་ཁེངས་དྲེགས་དང་ཕྱོགས་ལྷུང་ལ་བརྟེན་ནས་རྒྱུ་འབྲས་བློ་མིག་ལྡོངས་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན། མདོར་ན་ལོ་རྒྱུས་ཀྱི་རྩིབས་སྟོང་གང་གི་ཕྱོགས་སུ་འཁོར་ཐུབ་མིན་ནི་ང་ཚོའི་གདམ་ག་ལ་རག་ལས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ནི་དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་གོང་བུ་ཞིག་ཡིན། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རེ་བ་རྒྱག་ས་ནི“འཇམ་འཐབ་གསར་པ་”མིན་ལ། “ཤོག་ཁག་ཆུང་བ”ཡང་མིན་པར། དེ་ནི་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་ཞིག་ཡིན་པ་དང་། ཐུན་མོང་དར་རྒྱས་དང་སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་ཡིན། འདི་ནི་ལོ་རྒྱུས་མདུན་དུ་སྐྱོད་པའི་གཏན་ཚིགས་དང་དུས་རབས་གོང་དུ་འཕེལ་བའི་རླབས་རྒྱུན་ཡང་ཡིན། རྒྱལ་ཁབ་སོ་སོས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། སྤྱི་ཡོངས་ཀྱི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དེ་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་བསམ་འདུན་དེ་དངོས་ཡོད་དུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དཀའ་སྡུག་ཚད་མེད་མྱངས་ནས། མི་རིགས་རང་བཙན་ཐོབ་པ་དང་བསྒྲུབས་པའི་བྱ་བ་ཐམས་ཅད་ནི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན། རྒྱལ་ཁབ་ཚང་མར་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་ཡོད་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཚང་མར་བདེ་སྐྱིད་ཀྱི་འཚོ་བར་བརྩོན་ལེན་བྱེད་པའི་རང་དབང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཉམ་ལས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་བར་འབད་བརྩོན་བྱེད་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་རྒྱུན་འཁྱོངས་བྱས་ན་མ་གཏོགས་ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་བའི་བགྲོད་ལམ་སྟེང་བསྐྱོད་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཕན་ཚུན་བར་སྐད་ཆ་བཤད་རེས་ལས་ཁ་གཏད་དུ་མི་ལངས་པ་དང་། དཔུང་རོགས་བྱེད་པ་ལས་མནའ་འབྲེལ་དུ་མི་ཞུགས་པ། གཉིས་ཕན་ཡོང་བར་བྱེད་པ་ལས་མཉམ་ལས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་བདེ་འཇགས་ཐུན་མོང་སྒྲིག་གཞི་སྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོས་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྣ་མང་ཕུན་སུམ་ཚོགས་པ་ནི་མིའི་རིགས་ཀྱི་ཤེས་རིག་གི་རང་བཞིན་ཡིན། བསམ་ངན་ཁོག་བཅུག་གིས་“དམངས་གཙོ་དང་ཟིལ་ཤུགས”དང“རང་དབང་དང་སྲིད་དབང་སྒེར་གཅོད”ཀྱི་རྒྱུ་གཉིས་ཁ་གཏད་དུ་ལངས་པར་འུད་སྒྲོག་བྱས་པ་ཡིན་ན། འཛམ་གླིང་ཁ་བྲལ་དང་ཤེས་རིག་མི་མཐུན་པའི་བར་འགལ་ཟླ་ཡོང་རྒྱུ་ལས་ཐབས་གཞན་མེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོའི་མཉམ་ལས་ཁྲོད་འབད་པས་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་རྒྱུ་དང་དཔལ་ཡོན་མི་འདྲ་བའི་བར་གྱི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་ངང་འཕེལ་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱིས་མཚོན་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་གྱི་དར་རྒྱས་ཀྱིས་འཛམ་གླིང་གི་མངའ་ཁོངས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་གཏོང་བཞིན་ཡོད། འགོག་ཤུགས་ཇི་ཙམ་ཡོད་ཀྱང་གསེར་གྱོམ་རྒྱལ་ཁབ་ཀྱི་དགེ་མཚན་ལྡན་པ་དང་བརྟན་ལྷིང་། དགེ་བར་ཕྱོགས་པ་བཅས་ཀྱི་སྟོབས་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་ངེས་ཡིན། ང་ཚོས་གསེར་གྱོམ་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྣམ་པ་རྒྱ་སྐྱེད་གཏོང་བ། ཁོངས་གཏོགས་རྒྱལ་ཁབ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་བར་གྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། རྒྱལ་ཁབ་ཉི་ཤུ་ལྷག་གིས་གསེར་གྱོམ་གྱི་སྒོ་མོ་རྡུང་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཚང་མ་གསེར་གྱོམ་མཉམ་ལས་ཀྱི་ལམ་སྲོལ་ཁྲོད་འབད་པས་ཞུགས་རྒྱུར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་དབུགས་ལམ་གཅིག་གྱུར་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ། གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོར་བཙན་དབང་བཙན་བདག་བྱེད་འདོད་ཀྱི་གཞི་རྒྱུ་མེད་པ་དང་རྒྱལ་ཁབ་ཆེན་པོའི་བར་འགྲན་རྩོད་བྱེད་འདོད་ཀྱི་ངར་ཤུགས་མེད་པའི་སྒོ་ནས། བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། བློ་བརྟན་འགྱུར་མེད་ངང“ལམ་ཆེན་གྱི་བྱ་སྤྱོད་དང་གནམ་འོག་སྤྱི་ལ་དབང་བའི”སྦྱོར་བ་ལག་བསྟར་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཏུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཟང་ཆ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཚོང་རའི་དགོས་མཁོའི་ལེགས་ཆ། ཐོན་ལས་མ་ལག་ཆ་ཚང་ཡིན་པའི་མཁོ་སྤྲོད་ཀྱི་དགེ་མཚན། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ཁེ་ལས་མཁས་ཅན་འབོར་ཆེན་ཡོད་པའི་ཤེས་ལྡན་མི་སྣའི་ལེགས་ཆ་བཅས་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་མི་མངོན་པའི་སྦས་ཤུགས་ཆེ་བ། གསོན་ཤུགས་ཆེ་བས། དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་བསྐྲུན་རྒྱུ་ཡིན། ཀྲུང་གོའི་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་སྤྱིའི་ཆ་ནས་དེང་རབས་ཅན་དུ་འགྱུར་བ་དང་བསྟུན་ནས། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་ངེས་ཡིན་པ་དང་། རྒྱལ་ཁབ་སོ་སོའི་བཟོ་ཚོང་ལས་རིགས་ལ་བར་སྟོང་སྔར་ལས་ཆེན་པོ་མཁོ་འདོན་བྱེད་ངེས་ཡིན་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།