ཞི་ཅིན་ཕིང་དང་ལིས་ཆང་གིས་སི་ཁྲོན་ལེང་ཧྲན་ཁུལ་ཅིན་དབྱང་རྫོང་གི་ཆུ་ལོག་གི་གནོད་འཚེ་ལ་མཛུབ་སྟོན་གལ་ཆེན་གནང་།
2023.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་གྱི་ནམ་ལངས་ཁར། སི་ཁྲོན་ལེང་ཧྲན་ཁུལ་ཅིན་དབྱང་རྫོང་དུ་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་པ་བྱུང་ནས། གཙང་པོའི་འགྲམ་གྱི་མྱུར་བགྲོད་གཞུང་ལམJN1རྟགས་མཚམས་ཀྱི་ལས་གཞི་པུའུ་ཡོད་སའི་རྣོ་ལྕགས་ལས་སྣོན་བྱེད་སའི་མི་སྣ་རེ་འགའ་རྐྱེན་ལམ་དུ་ཤོར་བར་མ་ཟད། རེ་འགར་འབྲེལ་ལམ་ཆད།

འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོན་རྐྱེན་དེའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། འབྲེལ་ལམ་ཆད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་བཙལ་ཏེ། ཁོ་ཚོའི་ཁྱིམ་མིར་སེམས་གསོ་གཏོང་བ་སོགས་ཀྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚན་ཆུང་ཆེད་མངགས་སྒོས་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། བསླབ་བྱ་དང་ལེན་ནན་མོ་བྱེད་པ་དང་ཟུར་བསྟན་ལེབ་མཐོང་བྱས་ཏེ། ཁྱོན་ཡོངས་ནས་གནད་དོན་ལ་གྲལ་བཤེར་དང་ཕྱོགས་སོ་སོའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྱང་དོན་རྐྱེན་དེའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས། གནས་ཚུལ་དངོས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ནས། དོན་དག་བྱུང་རྐྱེན་གང་མགྱོགས་ངང་རྩད་གཅོད་བྱེད་པ་དང་བསླབ་བྱ་དང་ལེན་བྱེད་པ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

ཞི་ཅིན་ཕིང་དང་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གཞིར་བཟུང་ནས། མིག་སྔར་འཕྲལ་བསྟུན་དོ་དམ་པུའུ་ཡིས་ལས་དོན་ཚན་ཆུང་མངགས་ཏེ། ཡུལ་དངོས་ནས་འཚོལ་སྐྱོབ་ལས་དོན་ལ་མཛུབ་སྟོན་བྱས་པ་དང་། སི་ཁྲོན་ཞིང་ཆེན་དང་ལེང་ཧྲན་ཁུལ་གྱིས་རོགས་སྐྱོབ་སྟོབས་ཤུགས་རྩ་འཛུགས་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ། མིག་སྔར་འཚོལ་སྐྱོབ་ལས་དོན་ཚང་མ་སྔར་བཞིན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།