ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས། 《ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་བྱ་བའི་སྲོལ་ཡིག》དང་། 《ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་འཆར་འགོད》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།

གྲོས་ཚོགས་ལས་བསྟན་དོན། ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་ནི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གྱི་སྔོན་ཁྲིད་རང་བཞིན་དང་རྨང་གཞི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་བཟོ་སྐྲུན་ཞིག་ཡིན་པ་དང་། དེར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་གཏོང་བའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གོ་གནས་དང་ནུས་པ་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་ཏང་འཛུགས་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་མོ་བྱེད་པ།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། ཕུགས་བསམ་དང་དད་སེམས་། དམིགས་ཡུལ་བཅས་ཇེ་བརྟན་དུ་གཏོང་རྒྱུ་རྩ་བར་འཛིན་པ་བཅས་བྱས་ནས། ཕྱོགས་ཡོངས་ནས་སྲིད་འཛིན་འཇོན་ཐང་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཕུགས་བསམ་དང་ཡིད་ཆེས། དམིགས་ཡུལ་བཅས་བརྟན་པོ་འཛུགས་རྒྱུ་རྩ་བར་འཛིན་པ། སྲིད་འཛིན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པར་བྱེད་པ་དང་དུས་རབས་གསར་བའི་བླང་བྱ་དང་འཚམ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་ནུས་ལྡན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་བརྗོད་དོན་གཙོ་བོར་བཟུང་ནས། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་དེ་ལས་བྱེད་པ་འཚར་ལོངས་ཡོང་བའི་དུས་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་དོན་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་རྒྱུའི་ངོས་ནས་སློབ་གསོ་ཁྲིད་སྟོན་བྱས་ཏེ། ལས་བྱེད་པའི་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པར་སློབ་གསོ་དང་ཟབ་སྦྱོང་སྦྱོང་བརྡར་གྱི་མཁོ་སྤྲོད་དང་དགོས་མཁོ་གཉིས་གནད་ཁེལ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཀྱི་དགོས་མཁོ་དང་ལས་གནས་ཀྱི་དགོས་མཁོ། ལས་བྱེད་པའི་དགོས་མཁོ་བཅས་སྔར་ལས་ལེགས་པར་སྐོང་བ། སློབ་གསོ་དང་ཟབ་སྦྱོང་སྦྱོང་བརྡར་བྱེད་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། སློབ་གསོ་དང་ཟབ་སྦྱོང་སྦྱོང་བརྡར་བྱེད་པའི་མ་ལག་རང་བཞིན་དང་ཁ་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་སྔར་ལས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཁྱབ་ཁོངས་དབྱེ་ནས་ཆེད་དོན་སློབ་སྦྱོང་དང་ཟབ་སྦྱོང་ལས་སྒོ་སྤེལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་བྱེད་པའི་འཇོན་ཐང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་འཇོན་ཐང་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པའི་སློབ་གསོ་དང་ཟབ་སྦྱོང་གི་རྨང་གཞིའི་འགན་སྲུང་ནུས་པ་སྔར་ལས་ཏན་ཏིག་ཅན་དུ་གཏོང་བ་དང་། ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་ལས་བྱེད་པའི་སློབ་གསོ་དང་ཟབ་སྦྱོང་གི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་གནད་འགག་དམ་སྲུང་བྱེད་པར་ཤུགས་སྣོན་པ། མུ་མཐུད་དུ་ཤུགས་ཆེན་པོས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། ཕྱི་ཚུལ་རིང་ལུགས་སྤང་གང་ཐུབ་བྱས་ནས། སློབ་གཉེར་ཚད་ལྡན་དུ་གཏོང་གང་ཐུབ་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།