ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལ་ཚུར་སྣང་ཆེན་པོ་བྱུང་།
2023.09.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བར་དམག་ཕྱོགས་ཀྱི་གོང་འོག་ཚང་མར་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་རང་རེའི་དམག་དོན་སློབ་གླིང་གི་འཛུགས་སྐྲུན་དང་འཇོན་མིའི་གསོ་སྤེལ་བྱ་བར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་ཡོད་ལ། དངོས་ཡོད་ཀྱི་མཛུབ་སྟོན་དོན་སྙིང་དང་རྒྱང་རིང་བའི་ལོ་རྒྱུས་དོན་སྙིང་ལྡན་ཟེར།

རྒྱལ་སྲུང་ཚན་རྩལ་སློབ་ཆེན་ནི་གཅིག་སྟོང་དགུ་བརྒྱ་ང་གསུམ་ལོར་ཧཱ་ཨར་པེན་གྱི་དམག་དོན་བཟོ་སྐྲུན་སློབ་གླིང་ལས་འཕེལ་རྒྱས་བྱུང་བ་ཡིན་ཞིང་། ཀྲུང་དབྱང་དམག་ཨུའི་ཐད་གཏོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ཅན་གྱི་མཐོ་རིམ་སློབ་གསོའི་སློབ་གླིང་ཡིན། སློབ་གྲྭ་དེའི་དགེ་སློབ་ཚོས་ནན་ཏན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དགོངས་དོན་ལ་སློབ་སྦྱོང་བྱས་ནས་གོ་བ་བླངས་ནས་བསྟན་དོན། ཀྲུའུ་ཞིའི་ཐུགས་ཁུར་དང་ངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ཕྱོགས་ཡོངས་ནས་འཇོན་མིའི་གསོ་སྤེལ་བྱང་ཚད་མཐོར་འདེགས་དང་རྒྱལ་སྲུང་ཚན་རྩལ་རང་བདག་གི་གསར་གཏོད་གོང་སྤེལ་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས་ཚན་རྩལ་དམག་དར་གྱི་འཐབ་ཇུས་དང་འཇོན་མིའི་དམག་དར་གྱི་འཐབ་ཇུས་ལག་བསྟར་བྱེད་སྐབས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ནན་གྱིས་བསྟན་དོན། ཤུགས་ཆེན་པོས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྣམ་པ་གསར་བའི་དམག་དོན་འཇོན་མི་གསོ་སྐྱོང་བྱས་ནས་རྒྱལ་སྲུང་ཚན་རྩལ་རང་བདག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པར་བསྟན་ཡོད། དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་བྱེད་སྒོའི་སྡེ་ཁག་དང་དམག་དཔུང་སློབ་གླིང་གིས་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་པ་དང་། ལག་ལེན་དངོས་འབེབས་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་ལ་གཏིང་ཟབ་ཏུ་ཞིབ་འཇུག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།