ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་མིག་སྔར་མཉམ་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས། མིས་བཟོས་རིག་ནུས། ས་ཁོངས་འབྲེལ་མཐུད་སོགས་ལག་རྩལ་གསར་བར་རིམ་འགྱུར་གཏིང་ཟབ་བྱུང་ཡོད་ཅིང་། ཐོན་ལས་གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཚུལ་སྒྱུར་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ཡོད་ལ། རིག་ནུས་ཐོན་ལས་དང་གཞི་གྲངས་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། འཛམ་གླིང་ཡོངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་དང་ཐོན་ལས་འཕེལ་རྒྱས་གཏོང་སྟངས། མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཀྲུང་གོས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། གཞི་གྲངས་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་ལ་འགྱུར་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་དང་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ཡོད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། གཞི་གྲངས་དུས་རབས་ཀྱི་འཕེལ་ཕྱོགས་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། གཞི་གྲངས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རིག་ནུས་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་གང་མགྱོགས་ངང་སྐྲུན་པ་བཅས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།