རང་ཞིང་གིས་ཀྲུང་གོ་ཏ་ཐང་སྡེ་ཚོགས་བར་དུ་མཉམ་ལས་གྲོས་མཐུན་བཀོད།
2023.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཏ་ཐང་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་ཏ་ཐང་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཙོའུ་ལེ་སོགས་ལ་ཐུག་འཕྲད་བྱས་པར་མ་ཟད་གྲོས་མཐུན་བཀོད་པར་བདེན་དཔང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཀྲུང་གོ་ཏ་ཐང་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཕིན་ཡུང་གཉིས་ཐུག་འཕྲད་ལ་ཞུགས་པར་མ་ཟད་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་ཐུག་འཕྲད་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཏ་ཐང་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོ་གས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། མིག་སྔར། མཚོ་སྔོན་ཧ་ཅང་གལ་ཆེ་བ་དང་གནད་འགག་གི་འཕེལ་རྒྱས་དུས་སྐབས་སུ་སླེབས་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཚོ་སྔོན་གྱིས་མཉམ་དུ་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་ཆུ་ཚད་མཐོ་བའི་ངང་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱིས་ཁྱད་ཆོས་དང་དགེ་མཚན་ལ་རྐང་བཙུགས་ནས། གློག་འདོན་དང་ནུས་གསོག ནུས་ཁུངས་ཚན་རྩལ་གསར་གཏོད་ཞིབ་འཇུགས་སོགས་ཕྱོགས་ནས་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་འབུལ་དགོས།

ཙོའུ་ལེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ངོ་མང་བོའི་རིང་ལ་ཏ་ཐང་སྡེ་ཚོགས་ཀྱི་མཚོ་སྔོན་གྱི་ལས་སྒོ་འཕེལ་རྒྱས་སུ་གཏོང་བའི་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བ་དང་། ཀུང་ཟིའི་འཕེལ་རྒྱས་བཀོད་སྒྲིག་གི་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན། ཏ་ཐང་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ནུས་ཁུངས་གློག་ཤུགས་མཁོ་འདོན་གྱི་སྟོབས་ཤུགས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། མཚོ་སྔོན་གྱི་གློག་ཤུགས་ཐད་དུ་མ་དངུལ་གཏོང་ཚད་ཆེར་བསྐྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཞོར་དུ་ཁེ་ལས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།