ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཚང་མར་ཕྱག་གཡུག་གནང་ནས་གུས་འདུད་ཞུ་བའི་ཚུལ་རེད།
ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་སྐབས་འདིའི་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།
ཚའེ་ཆི་དང་ཏེན་ཞུའེ་ཞང་། ཨེ་ཤ་ཡ་གླིང་གི་ས་ཆ་སོ་སོ་ནས་ཡོང་བའི་མགོ་ཁྲིད་པ་དང་སྐུ་མགྲོན་སོགས་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
དགོང་མོར་ཆན་ཐང་གཙང་བོའི་འགྲམ་དུ་ཆགས་པའི་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ར་བ་རུ་གློག་འོད་རྣམ་པར་བཀྲ་ལ། མེ་ཏོག་པད་མའི་དབྱིབས་དང་འདྲ་བའི་བཟོ་བཀོད་དེས་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཐེངས་གསུམ་པར་ཀྲུང་གོ་ནས་སྦར་བར་བདེན་དཔང་བྱས།
འགྲན་ཚོགས་མགོ་མ་བརྩམས་གོང་། ཀྲེ་ཅང་གི་ས་ཆ་སོ་སོ་ནས་ཡོང་བའི་མང་ཚོགས་ཀྱིས་ས་གནས་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་རིག་རྩལ་འཁྲབ་སྟོན་བྱས་པས། ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས།
ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་ཚའེ་ཆི། ཏེན་ཞུའེ་ཞང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མགོ་རྩོམ་མཛད་སྒོར་ཞུགས།
ཆུ་ཚོད་བཅུ་དགུ་དང་སྐར་མ་ང་བརྒྱད་སྟེང་། ཞི་བདེའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞེས་པའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚབ་མ་ཞིན་ཀི་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་སོགས་དང་མཉམ་དུ་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ནས། ལྟད་མོ་པ་རྣམས་པར་ཕྱག་གཡུག་གནང་ནས་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནི་ཀྲུང་གོའི་ལུགས་རྙིང་གི་དུས་ཚིགས་ཉེར་བཞིའི་ཁྲོད་ཀྱི་སྟོན་མཉམ་དུས་ཚིགས་ལ་འཁེལ་ཡོད། ཆུ་ཚོད་ཉི་ཤུའི་སྟེང་། མགྲོན་བསུའི་འཁྲབ་སྟོན་སྟོན་དུས་ཀྱི་བཀྲག་མདངས་ཞེས་པ་མགོ་བརྩམས་ལ། ང་རང་ཁྱེད་ལ་དགའ་ཀྲུང་གོ་ཞེས་པའི་དབྱངས་དང་བསྡེབས་ནས། གཟབ་སྦྲེངས་དམག་མི་བརྒྱད་ཀྱིས་གོམ་སྟབས་བརྟན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྲུང་བཞིན་ཡུལ་དངོས་སུ་ཐོན། ཚོགས་རའི་མི་ཡོངས་རྫོགས་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་པ་དང་ལྷབ་ལྷུབ་བསྐྱོད།
ཆུ་ཚོད་ཉི་ཤུ་དང་སྐར་མ་དགུའི་སྟེང་། ལུས་རྩལ་པ་རྣམས་ལུས་རྩལ་ར་བར་ཐོན། སྙན་འཇེབས་རོལ་དབྱངས་ང་ཚོའི་ཨེ་ཤ་ཡ་ཞེས་པའི་ཁྲོད་དུ། རྒྱལ་ཁབ་དང་ས་ཁུལ་ཞེ་ལྔ་ནས་ཡོང་བའི་ལུས་རྩལ་འཐུས་ཚབ་ཚོགས་པ་སྔ་གཞུག་ཏུ་ལུས་རྩལ་ར་བར་ཐོན་པ་དང་། ལྟད་མོ་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས། མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་རོལ་དབྱངས་གྲགས་པ་ན། ཀྲུང་གོའི་འཐུས་ཚབ་ཚོགས་པ་ཆེས་མཇུག་མཐར་ལུས་རྩལ་ར་བར་ཐོན། ཞི་ཅིན་ཕིང་གིས་ཕྱག་གཡུག་གནང་ནས་གུས་འདུད་ཞུས་པ་དང་། ཚོགས་ར་ཡོངས་སུ་དགའ་འབོད་དང་ཐལ་མོ་རྡེབ་སྒྲས་ཁེངས། ཀྲུང་གོའི་འཐུས་ཚབ་ཚོགས་པར་བསྡོམས་པས་མི་སྟོང་གཅིག་དང་སུམ་བརྒྱ་ཉེར་དགུ་ཡོད་པ་དང་། དེའི་ནང་དུ་འགྲན་ཞུགས་ལུས་རྩལ་པ་བརྒྱད་བརྒྱ་དང་གྱ་དྲུག་ཡོད་ལ། ཁོ་ཚོ་སྐབས་འདིའི་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་རིགས་སྣ་ཆེན་པོ་སོ་བརྒྱད་དང་རིགས་སྣང་ཆུང་བ་བཞི་བརྒྱ་དང་བདུན་གྱི་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད།
ཧང་ཀྲིག་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲེ་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཧའོ་ཡིས་ཤིས་ཚིག་འབུལ་སྐབས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲེ་ཅང་གི་མི་དམངས་བྱེ་བ་དྲུག་དང་ས་ཡ་ལྔའི་ཚབ་བྱས་ཏེ་རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་ཡོང་བའི་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཁོ་ཚོས་གྲུབ་འབྲས་ལེགས་པོ་ལེན་པའི་སྨོན་འདུན་ཞུས།
ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་ཀྲི་ཏན་ནས་ཤིས་ཚིག་འབུལ་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་དང་མགོ་ཁྲིད་བརྟན་པོའི་འོག་ཏུ། ལྟད་མོ་ཆེ་བའི་ཨེ་ཤ་ཡའི་ལུས་རྩལ་སྤྲོ་ཚོགས་ཆེན་མོ་ཞིག་མགོ་བརྩམས་ལ། ང་ཚོས་ཨོ་ལིམ་ཕིག་སྙིང་སྟོབས་དར་སྤེལ་བྱས་ཏེ། ཨེ་ཤ་ཡའི་ལུས་རྩལ་གྱི་ཟིན་ཐོ་གསར་བ་བསྐྲུན་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་བ་རྩོམ་དགོས་ཞེས་བཤད།
ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚབ་མ་ཞིན་ཀི་ཡིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་། ཧང་ཀྲིག་གྲོང་ཁྱེར་སྲིད་གཞུང་། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཧང་ཀྲིག་གྲོང་ཁྱེར་གྱི་མི་དམངས། གྲ་སྒྲིག་བྱ་བར་ཞུགས་པའི་མི་སྣ་ཡོངས་བཅས་ལ་ལྷག་བསམ་རྣམ་དག་གིས་གུས་འདུད་ཞུས་པ་དང་། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བསྒྲུབས་པ་ཧ་ཅང་བཟང་ལ། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་མི་རེ་རེར་བརྗེད་དཀའ་བའི་ཚོར་བ་སྟེར་སྲིད་པར་ཡིད་ཆེས་ཡོད་ཅེས་བཤད།
ཆུ་ཚོད་ཉེར་གཅིག་དང་སྐར་མ་བཅུ་དྲུག་སྟེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་མགོ་བརྩམས་པ་ཁྱབ་བསྒྲགས་མཛད་པ་ན། ཚོགས་ར་ཡོངས་སུ་དགའ་འབོད་ཀྱིས་ཁེངས།
རང་རྒྱལ་གྱི་ཕུལ་བྱུང་ལུས་རྩལ་པ་བརྒྱད་དང་རྩལ་ཁྲིད་པའི་འཐུས་མིས་ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་བཟུང་ནས་ལུས་རྩལ་ར་བར་ཐོན། ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གླུ་དང་བསྡོངས་ནས། དར་ཆ་དེ་དལ་གྱིས་བསྒྲེངས་ལ། སྐར་ལྔའི་དར་དམར་དང་མཉམ་དུ་ལྷབ་ལྷུབ་བསྐྱོད།
ལུས་རྩལ་པ་ཀྲིན་སི་ཝེ་དང་སུན་དབྱི་ཧྲ། ཤན་འབྱེད་པ་དབྱང་ཀྲུང་མེན་དང་ཀའོ་ཅ་ཆི་བཅས་ཀྱིས་སོ་སོར་འགྲན་སྡུར་ཞུགས་པའི་ལུས་རྩལ་པ་དང་ཤན་འབྱེད་པ་ཡོངས་ཀྱི་ཚབ་བྱས་ཏེ་དམ་བཅའ་བཞག
དེའི་རྗེས་སུ་རིག་རྩལ་འཁྲབ་སྟོན་བྱས།
ཆུ་ཚོད་ཉེར་གཅིག་དང་སྐར་མ་ང་གསུམ་སྟེང་། དཔལ་འབར་གཙོ་བོ་བསྒྲོན་པའི་མཛད་སྒོ་སྤེལ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་ཟླ་དགུ་པའི་ཚེས་བརྒྱད་ཉིན་ནས་བཟུང་ཀྲེ་ཅང་གི་ས་ཆ་སོ་སོ་ནས་བརྒྱུད་སྤྲོད་བྱས་པ་དང་། མཇུག་མཐར་ཧང་ཀྲིག་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ར་བར་འབྱོར།
ལུས་རྩལ་ར་བ་རུ། ཡེ་ཧྲི་ཝུན་དང་ཧྥན་ཀྲིན་ཏུང་། ཞུའུ་མིན་ཐའོ། ཧྲི་ཀྲི་ཡུང་། ལིས་ལིན་ཝེ། ཝང་ཧྲུན་བཅས་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་དྲུག་གིས་གཅིག་ནས་གཅིག་བརྒྱུད་དེ་དཔལ་འབར་བརྒྱུད་སྤྲོད་བྱས། མཇུག་མཐར་ཝང་ཧྲུན་གྱིས་དཔལ་འབར་སྟེགས་བུ་ནས་དཔལ་འབར་གཙོ་བོ་བསྒྲོན།
ཚོགས་ར་ཡོངས་སུ་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་བརྩེ་སེམས་མཉམ་གནས་ཞེས་པ་བླངས་ལ། ལུས་རྩལ་ར་བ་ཡོངས་སུ་དགའ་སྤྲོའི་དཔལ་གྱིས་ཁེངས།
ཐེངས་འདིའི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པར་ཡོང་བའི་སྐུ་མགྲོན་l། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧ་མོ་ཉི་དང་། སི་རི་ཡའི་ཙུང་ཐུང་པཱ་ཧྲའར་དང་ཁོང་གི་ལྕམ་མོ་ཨ་ཟི་མཱ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་མིས་ཧྲ་ལེ། བལ་པོའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ། ཏིས་ཝུན་ཤར་མའི་ཙུང་ལི་ཞ་ནཱ་ནཱ། ཧན་གོའི་ཙུང་ལི་ཧན་ཏི་ཀྲུའུ། མ་ལེ་ཞི་ཡའི་གྲོས་ཁང་འོག་མའི་གྲོས་དཔོན་ཧ་ལིས་དང་ཁོང་གི་ལྕམ་མོ་ནའོ་ལའེ་ཉི། ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཞིན་ཀི་དང་ཁོང་གི་ལྕམ་མོ་ཝེ་ཉི་ཐཱ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་བཅས་དང་། དེ་མིན་ཝུན་ལའེ་སུའུ་ཏན་གྱི་འཐུས་མི་སྟེ་གོང་མའི་སྐུ་ཉེ་སུའུ་ཧྥའོ་ལིས། ཅོར་ཏན་གྱི་གོང་མའི་སྐུ་ཉེ་ཧྥེ་སཱ་ཨར། ཐེ་གོའི་སྲས་མོ་ཞི་ལིས་ཝན་ཝ་ལིས་སོགས་རྒྱལ་པོའི་ཕོ་བྲང་གི་འཐུས་ཚབ་ཡོད།
ཝང་དབྱི་དང་ལིས་ཀན་ཅེ། ཧི་ལིས་ཧྥུན། ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན་བཅས་མགོ་རྩོམ་མཛད་སྒོར་ཞུགས།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅ་ཁྲའོ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ཧུང་ཞིའུ་ཀྲུའུ་བཅས་མགོ་རྩོམ་མཛད་སྒོར་ཞུགས།
ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་ཀྱང་མགོ་རྩོམ་མཛད་སྒོར་ཞུགས།