ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།
2023.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནང་དུ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ངོ་བཅུའི་རིང་ལ། རང་སོ་སོའི་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་བསམ་བློ་བཅིངས་འགྲོལ་བྱེད་པ། བདེན་སྲུང་གསར་གཏོད་བྱེད་པ་བཅས་ཀྱི་ཆེད་དུ་རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གང་མང་ཞིག་བཏོན་པས། མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་དང་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཞིག་ངང་གིས་གྲུབ་པར་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་དུ། ཁྱོན་ཡོངས་ནས་ལོ་བཅུའི་འཛུགས་སྐྲུན་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་སྟེང་དུ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། གསར་གཏོད་ཡར་བརྩོན་དང་མཁྲེགས་གཏོར་དཀའ་སེལ་གྱི་གདོང་ལེན་པ་བྱེད་ཕོད་པར་བྱས་ནས། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་སྔར་ལས་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འབད་པས་བསྐྲུན་དགོས། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྣེ་ཁྲིད་བྱེད་པ་དང་ལམ་ལུགས་གསར་གཏོད་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལ་འབྲེལ་མཐུད་གང་ལེགས་བྱེད་པ། ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བཅོས་སྒྱུར་ལ་སྤྱི་ཁོག་ནས་ཇུས་འགོད་བྱེད་པ་དང་མ་ལག་ཆ་ཚང་གྲུབ་པར་ཤུགས་སྣོན་པ། ཐོན་ལས་ཕྲེང་འབྲེལ་ཆ་ཚང་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་དཔེ་སྟོན་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཙུགས་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ནས་གསུང་བཤད་ཀྱང་གནང་སྟེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་དེར་གོ་བ་གཏིང་ཟབ་བླངས་ནས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། མུ་མཐུད་དུ་འདུ་ཤེས་བསྒྱུར་བ། འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ལམ་ལུགས་གསར་གཏོད་ལ་ཐོད་བརྒལ་གསར་པ་ཡོང་བར་བྱེད་པ། སྒོ་འབྱེད་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་ཕན་འབྲས་ཐོན་པར་འཆར་འགོད་འཐེན་པ་བཅས་བྱས་མཐར། ཆུ་ཚད་སྔར་ལས་མཐོ་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འབད་པས་འཛུགས་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཚོང་དོན་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ལོ་བཅུའི་རིང་ལ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ་བ་དང་། ནོར་སྲིད་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་། འགག་སྒོའི་སྤྱི་ཁྱབ་ཧྲུའུ། ཧྲང་ཧའེ། ཐེན་ཅིན། ཧྥུའུ་ཅན། ལེའོ་ཉིང་། སི་ཁྲོན། ཀོང་ཞི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཉེར་གཅིག་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།