ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བརྒྱད་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2023.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་བཅོས་སྒྱུར་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་བརྒྱད་པ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས། འཛམ་གླིང་ཚོང་དོན་རྩ་འཛུགས་ནི་ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་གི་གར་སྟེགས་གལ་ཆེན་ཞིག་ཡིན། འཛམ་གླིང་ཚོང་དོན་རྩ་འཛུགས་ལ་དགོས་ངེས་ཀྱི་བཅོས་སྒྱུར་བྱེད་པ་ནི་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ཞིག་དང་དུས་ཀྱི་འཁོར་ཕྱོགས་ཤིག་ཀྱང་ཡིན། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་སུ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་སུ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པའི་མཐོ་ཚད་ནས་བསྡད་དེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་བཅོས་སྒྱུར་ཁྲོད་ཞུགས་པའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྔར་ལས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་བཅོས་སྒྱུར་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་ལེགས་སྒྲིག་ཁྲོད་ཁྱོན་ཡོངས་ནས་ཞུགས་དགོས་པར་མ་ཟད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས། རིམ་པ་སྔར་ལས་ཟབ་པའི་བཅོས་སྒྱུར་སྤེལ་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཚོང་དོན་པུའུ་ཞིབ་འཇུག་ཁང་གི་ཡོན་ཀྲང་། ཞིབ་འཇུག་པ་ཀུའུ་ཞུའེ་མེན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས། ལས་ཀའི་གྲོས་འགོ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་ནས་དེའི་སྐོར་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་ཁྲོད་ཞུགས་རྒྱུ་ནི་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་སྤྱི་འབོར་ལྡབ་བཅུ་གཅིག་འཕར་ནས། འཛམ་གླིང་ཡོངས་ཀྱི་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་རུ་གྱུར་བ་དང་། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུ་ལྷག་ཙམ་གྱི་ཚོང་དོན་ཟླ་གྲོགས་གཙོ་བོར་གྱུར་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི་སུམ་ཅུ་ཙམ་ཟིན་ཡོད། རང་རྒྱལ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་བར་གྱི་འབྲེལ་བར་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་འགྱུར་ལྡོག་བྱུང་ནས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་གྱི་གཞན་དབང་དུ་ཚུད་མཁན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་མཁན་ནས་རིམ་བཞིན་དེའི་ནང་ཞུགས་མཁན་གལ་ཆེན་དུ་གྱུར་ཡོད། རང་རྒྱལ་འཛམ་གླིང་ཚོང་དོན་རྩ་འཛུགས་ཁྲོད་ཞུགས་པ་དེས་རང་ངོས་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་བཏང་བར་མ་ཟད།འཛམ་གླིང་ཡོངས་ལའང་ཕན་ཁེ་ཐོབ་ཡོད་པས། ཐབས་ཇུས་གལ་ཆེན་འདི་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དོན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་བཅོས་སྒྱུར་ཁྲོད་ཞུགས་སྐབས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་དབང་ཟིལ་རང་བཞིན་དང་ནུས་ལྡན་རང་བཞིན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གང་ལེགས་གཏོང་དགོས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ཏེ། དཔལ་འབྱོར་འཛམ་གླིང་ཅན་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་རང་མོས་ཚོང་དོན་དང་ཕྱོགས་མང་རིང་ལུགས་དངོས་ཀྱི་འདོད་ཚུལ་འཛིན་ཅི་ཐུབ་བྱེད་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན། བདེ་འཇགས་ཅན་བཅས་སུ་འགྱུར་རྒྱུར་ངོ་རྒོལ་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་བཅོས་སྒྱུར་ཁྲོད་ཞུགས་པའི་ཀྲུང་གོའི་ཇུས་གཞི་སྔར་ལས་འཐུས་ཚང་དང་ཞིབ་ཕྲ་ཅན་བཟོ་དགོས། རང་རྒྱལ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པའི་ནོར་བུ་རྩ་ཆེན་ཞིག་ཡིན། ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ཞེ་ལྔ་འཁོར་བའི་དུས་ཡིན་པས། རང་ངོས་བསྒྱུར་བཅོས་བྱེད་པའི་དོན་ཆེན་འདི་མུ་མཐུད་དུ་ལེགས་པར་བསྒྲུབ་དགོས་པ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་ལ། བཅོས་སྒྱུར་གྱི་བགྲོད་ལམ་ཡང་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་སྔར་ལས་ལེགས་པོ་ཡོང་བར་བྱས་ནས། སྒྲིག་སྲོལ་དང་སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་སྐྲུན་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་དགོས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་འབད་པས་བསྐྲུན་ནས།《ཁྱོན་ཡོངས་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་ལས་བརྒལ་བའི་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད》དང《གཞི་གྲངས་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་ཆོད》ཁྲོད་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བརྩིས་ཏེ། ནང་འདྲེན་གྱི་སྦས་ཤུགས་སྔར་ལས་འཕེལ་བར་བྱེད་པ་དང་། ཁྲོམ་རའི་ནང་ཞུགས་ཆོག་མིན་སྔར་ལས་ཇེ་ལྷོད་དུ་གཏོང་བ། ཕྱོགས་མང་དང་ཕྱོགས་གཉིས་ཀའི་མཉམ་ལས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱི་རྒྱལ་གྱི་མ་རྩའི་འགུགས་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཚོང་དོན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དངོས་ཟོག་ཚོང་དོན་རིམ་སྤོར་བྱེད་པ། ཞབས་ཞུའི་ཚོང་དོན་གསར་གཏོད་བྱེད་པ། གཞི་གྲངས་ཅན་གྱི་ཚོང་དོན་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། གཞི་གྲངས་ཅན་གྱི་ལྷད་མེད་ཁ་ཕྱོགས་སུ་འགྱུར་བར་བྱས་ནས། རྒྱལ་སྤྱིའི་ལས་བགོས་གནས་བབ་སྔར་ལས་མཐོ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་རིན་ཐང་ཕྲེང་འབྲེལ་ཁྲོད་རྩེར་སོན་གྱི་ཕྱོགས་སུ་བསྐྱོད་ཐུབ་དགོས་ལ། དུས་མཚུངས་སུ། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ཡོང་བར་སྲུང་སྐྱོབ་ཐད་དོ་སྣང་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་འཇོན་ཐང་ཡག་པོ་སྦྱོང་དགོས། བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱས་ཏེ། རང་རྒྱལ་གྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་དང་དེ་བེད་སྤྱོད་ཡག་པོ་བྱེད་པ་དང་། སྒོ་འབྱེད་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་མ་ལག་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་ཇུས་འགོད་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་གནད་དུ་འཁེལ་བའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱས་ནས། གདེང་ཚོད་ཡོད་པ་དང་ལག་ཏུ་སྲིད་ཇུས་ཡོད་པ། བྱ་སྤྱོད་ལ་ནུས་པ་ལྡན་པ་བཅས་བྱེད་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་སྤྱད་དེ་རང་རྒྱལ་འཕེལ་རྒྱས་གཏོང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མངོན་སུ་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ངོས་ནས་ཉམས་སད་ཐེག་ཐུབ་པར་བྱེད་པ། འཇོན་ཐང་ཆེ་ལ་སྤྱོད་ཚུལ་བཟང་བ་བཅས་ཀྱི་ཆུ་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་སྒྲུབ་དཔུང་སྡེ་ཞིག་གང་མགྱོགས་ངང་འཛུགས་དགོས། སྒོ་འབྱེད་དང་བདེ་འཇགས་སུ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། འཐབ་རྩོད་ཀྱི་ཁྲོད་ནས་བདེ་འཇགས་སུ་སྲུང་སྐྱོབ་བྱེད་པ་དང་ཁེ་དབང་མངོན་སུམ་ཆེ་རུ་གཏོང་བ། མཉམ་ལས་བརྩོན་ལེན། གཉིས་རྒྱལ་ཡོང་བར་བརྩོན་ལེན་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།