ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་དཔེ་དེབ་ཀྱི་ཡིག་རིགས་མང་བོའི་པར་གཞིའི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་དུ་བསྡུས།
2023.10.17 ཁུངས། ཀློག་གྲངས། 21

ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་དཔེ་དེབ་ཀྱི་ཡིག་རིགས་མང་བོའི་པར་གཞིའི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་དུ་བསྡུས་ནས། ཨ་རབ་ཀྱི་ཡི་གེ་དང་སི་ཕན་གྱི་ཡི་གེ། ཕོར་ཐུ་ཀལ་གྱི་ཡི་གེ། འཇར་མན་གྱི་ཡི་གེ  འཇར་པན་གྱི་ཡི་གེ་བཅས་ཡིག་རིགས་ལྔའི་ལམ་ནས་པར་སྐྲུན་བྱས་པའི་དཔེ་དེབ་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེམ་སྤེལ་བྱས། པར་སྐྲུན་མཛད་སྒོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་གོའི་ཕྱི་ཡིག་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཕྱི་ཡིག་དཔེ་སྐྲུན་ཁང་གིས་འགན་སྒྲུབ་བྱས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་ཁབ་དག་གི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་ཆེད་མཁས་པ། ལོ་ཙཱ་དང་དཔེ་སྐྲུན་སྡེ་ཁག་གི་འཐུས་མི་བཅས་མི་བརྒྱ་ལྷག་བྱ་འགུལ་ཁྲོད་ཞུགས། 

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ད་ལོ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་རེད། ལོ་ངོ་བཅུའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་བཀོད་སྒྲིག  སྐུལ་འདེད་བཅས་བྱས་ཤིང་། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་བ་དེ་ཀྲུང་གོ་ནས་གྲོས་འགོ་བཏོན་ཞིང་རྒྱལ་སྤྱིའི་སྒང་ནས་ལག་ལེན་བྱས་ཏེ། ཕུགས་འདུན་འགུལ་སྐྱོད་དུ་བསྒྱུར་ཞིང་། བསམ་བཀོད་དངོས་ཡོད་དུ་བསྒྱུར་ནས། ཆེ་ཕྱོགས་ཀྱི་འཆར་གཞི་དེ་ཞིབ་ཚགས་ཀྱི་ལས་འགན་དུ་བསྒྱུར་ཏེ་ལྗིད་ཏིག་ཏིག་གི་གྲུབ་འབྲས་བླངས། ལོ་ངོ་བཅུའི་རིང་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་བར་སྟོང་གསར་བ་ཕྱེས་ཤིང་། དཔལ་འབྱོར་འཛམ་གླིང་ཅན་དེ་བདེ་ཐང་གིས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ཀྱི་དཀའ་གནད་ལ་བྱས་རྗེས་བཞག་སྟེ། ཀུན་གྱིས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་བའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་ཞིག་ཡིན་པར་འདོད། 

ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་དཔེ་དེབ་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་སུམ་ལོའི་ཟླ་དགུ་པ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པའི་བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྐོར་གྱི་རྩོམ་ཡིག་ཞེ་གཉིས་བཀོད་ཡོད་ལ། དཔེ་དེབ་ཁྲོད་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ཚུལ་དང་འཕེལ་རྒྱས་ཀྱི་གོ་རིམ་ཞིབ་ཚགས་ཀྱིས་བཀོད་ཡོད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་རྩ་དོན་དང་ཕུན་སུམ་ཚོགས་པའི་ནང་དོན། དམིགས་འབེན་བཅས་གསལ་འགྲེལ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་པ་དང་། བསམ་བློའི་མགོ་ཁུངས་དང་ལག་ལེན་གྱི་རིན་ཐང་བཅས་ལ་ངོས་འཛིན་བྱེད་པར་དབང་གྲགས་ཀྱི་ཀློག་དེབ་ཅིག་འདོན་སྤྲོད་བྱས་ཡོད། 

མཛད་སྒོའི་སྟེང་དུ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་མཉམ་དུ་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་ཡིག་རིགས་མང་བོའི་པར་གཞིའི་དཔེ་ཆ་དངོས་སུ་འགྲེམ་མགོ་བརྩམས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་དཔེ་དེབ་ལེགས་སྐྱེས་སུ་བསྩལ། ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ་ཞེས་པའི་དཔེ་དེབ་དེ་དབྱིན་ཇི་དང་ཧྥ་རིན་སི། ཨུ་རུ་སི་བཅས་ཀྱི་ཡིག་རིགས་ལམ་ནས་ཕྱི་ཡིག་དཔེ་སྐྲུན་ཁང་གིས་སྔ་མོ་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཟིན།


 སྐལ་བཟང་རྣམ་རྒྱལ་གྱིས་བརྩམས།