ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་སློབ་ཚོགས་བཙུགས་ནས་ལོ་བརྒྱ་དང་བཅུ་འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་སློབ་ཚོགས་བཙུགས་ནས་ལོ་བརྒྱ་དང་བཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། རྒྱ་ཆེའི་ཕྱི་འགྲིམ་སློབ་མ་དང་ཕྱི་འགྲིམ་སློབ་མའི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ལས་ཡོ་རོབ་དང་ཨ་མེ་རི་ཁའི་སློབ་ཚོགས་ནི། ཏང་གི་མགོ་ཁྲིད་འོག་མང་ཚོགས་རང་བཞིན་དང་ཤེས་བྱ་མཐོ་བའི་རང་བཞིན། འཐབ་ཕྱོགས་གཅིག་གྱུར་རང་བཞིན་བཅས་ལྡན་པའི་མི་དམངས་ཚོགས་པ་ཞིག་ཡིན་པ་དང་། སློབ་ཚོགས་བཙུགས་ནས་ལོ་བརྒྱ་དང་བཅུའི་རིང་ལ། ཕྱི་རྒྱལ་དུ་སོང་ནས་སློབ་སྦྱོང་བྱས་ཏེ་ཕྱིར་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། རྒྱ་ཆེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ལ་མཐུན་སྒྲིལ་བྱས་ཏེ། མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་པའི་སྟེང་དུ། ཡོ་རོབ་དང་ཨ་མེ་རི་ཁའི་སློབ་ཚོགས་ཀྱིས་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་མངོན་སུམ་ཆེ་རུ་བཏང་ནས། ཕྱི་རྒྱལ་དུ་སོང་ནས་སློབ་སྦྱོང་བྱས་ཏེ་ཕྱིར་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འཇོན་མིའི་མཛོད་ཁང་དང་། ཐབས་འདོན་ཇུས་འདོན་གྱི་བློ་འདོན་ཚོགས་པ། དམངས་ཁྲོད་ཕྱི་འབྲེལ་གྱི་སྟོབས་ཤུགས་གསར་པའི་དམག་དཔུང་བཅས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་བློའི་ཁྲིད་སྟོན་དང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་གནམ་འོག་གི་འཇོན་ཐང་ཅན་རྒྱ་ཁྱབ་ངང་བསྡུ་འགུགས་དང་སྟོབས་ཤུགས་ཆེན་པོ་བསྐྲུན་དགོས། རྒྱ་ཆེའི་ཕྱི་འགྲིམ་སློབ་མ་ཚོས་ཕྱི་རྒྱལ་དུ་སོང་ནས་སློབ་སྦྱོང་བྱས་ཏེ་ཕྱིར་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། དམངས་ཀྱི་ཆེད་དུ་རྒྱལ་གཅེས་བྱེད་པ་དང་རང་སྟོབས་རང་སྤེལ། གསར་འབྱེད་ཡར་བརྩོན། སྒོ་འབྱེད་དཀྱེལ་ཡངས་བཅས་ཀྱི་སྒོ་ནས་གསར་གཏོད་ལས་སྐྲུན་གྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཞུགས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་རིག་དང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རོགས་རམ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།
ཡོ་རོབ་དང་ཨ་མེ་རི་ཁའི་སློབ་ཚོགས་བཙུགས་ནས་ལོ་བརྒྱ་དང་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་རོབ་དང་ཨ་མེ་རི་ཁའི་སློབ་ཚོགས་བཙུགས་ནས་ལོ་བརྒྱ་དང་བཅུ་འཁོར་བར་འཕྲིན་ཡིག་གི་བསྐུར་ནས་རྟེན་འབྲེལ་ཞུས་ཏེ། ཡོ་རོབ་དང་ཨ་མེ་རི་ཁའི་སློབ་ཚོགས་ཀྱིས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་གདེང་འཇོག་གང་ལེགས་གནང་བ་དང་། ཡོ་རོབ་དང་ཨ་མེ་རི་ཁའི་སློབ་ཚོགས་ཀྱི་ལས་འགན་གསལ་བཤད་གཏིང་ཟབ་གནང་ནས། རྒྱ་ཆེའི་ཕྱི་འགྲིམ་སློབ་མ་ཚོར་རེ་བ་ནན་མོ་བཏོན་པའི་དབང་གིས། དུས་རབས་གསར་པའི་ཕྱི་འགྲིམ་སློབ་མ་ཚོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅིང་། ང་ཚོས་འཕྲིན་ཡིག་གི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།