ཟླ10པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་སྐབས་གསར་བའི་ཁོངས་མི་དང་མཉམ་དུ་ཐུན་མོང་གླེང་མོལ་གནང་བ་དང་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་ནི། ཏང་གི་མགོ་ཁྲིད་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། བཟོ་ཚོགས་ནི་ཏང་གིས་མགོ་ཁྲིད་བྱེད་པའི་བཟོ་པ་གྲལ་རིམ་གྱི་མང་ཚོགས་རྩ་འཛུགས་ཤིག་ཡིན། ཏང་གིས་བཟོ་ཚོགས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་གཡོ་འགུལ་གཏོང་མི་རུང་བ་དང་ཡོ་གཟུར་བྱེད་མི་རུང་། བློ་གཅིག་སེམས་གཅིག་གིས་བཟོ་པ་གྲལ་རིམ་ལ་རྒྱབ་རྟེན་བཅོལ་བའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་བརྩོན་སེམས་དང་སྤྲོ་སེམས། གསར་གཏོད་འདུན་པ་བཅས་ལེགས་པར་བསྐྱེད་དེ། སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་བྱ་གཞག་ཁྲོདའབད་པས་ཞུགས་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཐུན་མོང་གླེང་མོལ་ཁྲོད་ཞུགས།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། རང་རྒྱལ་གྱི་བཟོ་པ་གྲལ་རིམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཡོད་པས། བཟོ་པའི་ལས་འགུལ་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་བཟོ་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད། འདས་ཟིན་པའི་ལོ་ལྔ་ཡི་རིང་ལ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ཏང་དང་སེམས་པ་གཅིག་མཐུན་དང་ཏང་དང་མཉམ་དུ་འབད་འཐབ་གང་ལེགས་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་ཚན་རྩལ་གསར་གཏོད། དབུལ་ཐར་མཁྲེགས་གཏོར། གྲོང་གསེབ་དར་སྤེལ། རིམས་ནད་འགོག་སྡོམ། ཉེན་སེལ་གནོད་སེལ་སོགས་གལ་ཆེའི་ལས་དོན་ཁྲོད་དམག་འཐབ་བྱེད་ཕོད་པ་དང་འགན་འཁྲི་ལྕི་མོ་འཁུར་ཕོད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ལས་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཐོན་ལས་བཟོ་པའི་དཔུང་སྡེའི་འཛུགས་སྐྲུན་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ངལ་རྩོལ་པའི་ཁེ་དབང་ལ་འགན་ལེན་བྱེད་པ། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། བཟོ་ཚོགས་ཁོངས་གཏོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བཟོ་པ་གྲལ་རིམ་གྱིས་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། བཟོ་ཚོགས་ཀྱི་བྱ་བར་གྲུབ་འབྲས་གསར་བ་ཐོབ་ཡོད་པར་ཏང་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་བྱས་ཡོད། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་སྐབས་གསར་བར་རེ་བ་ཆེན་པོ་བཅོལ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཕྱོགས་ཡོངས་དང་ནུས་ལྡན་གྱི་སྒོ་ནས་བཟོ་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོའི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གཅིག་གྱུར་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ། ཏང་གི་གཞུང་ལུགས་གསར་གཏོད་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས། བཟོ་ཚོགས་ཀྱི་ལས་དོན་དང་ཏང་གི་ལས་འགན་གཙོ་བོའི་ཟུང་འབྲེལ་བྱེད་ཡུལ་དང་འཇུག་གནས། ཤུགས་རྒྱག་ས་བཅས་ནོར་བ་མེད་པར་བཙལ་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་བཟོ་ཚོགས་ཁོངས་གཏོགས་སུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ལས་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རྒྱ་ཆེའི་ལས་བཟོ་པར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། བཟོ་པ་གྲལ་རིམ་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་ཆེས་སྲ་ཞིང་བརྟན་པ་དང་བློ་གཏད་ཆོག་པའི་གྲལ་རིམ་གྱི་རྨང་གཞི་ཡིན་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རྒྱ་ཆེའི་ལས་བཟོ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་གི་ལས་འགན་གཙོ་བོ་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམ་པོར་དམིགས་ཏེ། རྣམ་པ་སྣ་ཚོགས་ཀྱི་ངལ་རྩོལ་དང་རྩལ་ནུས་འགྲན་སྡུར་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ནས། རྒྱ་ཆེའི་ལས་བཟོ་པའི་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་གཏོད་ཀྱི་སྦས་ཤུགས་འཕེལ་བར་བྱས་ནས། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཁྲོད་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་གང་ལེགས་གཏོང་བ་དང་། ངལ་རྩོལ་དཔེ་བཟང་ཅན་གྱི་བཟོ་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ལས་བཟོ་པས་དཀའ་སྤྱད་ངལ་རྩོལ་དང་ཟོལ་མེད་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་བྱེད་པའི་ཁྲོད་ཕུགས་འདུན་འགྲུབ་པར་སྐུལ་མ་གཏོང་དགོས། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་གཏོང་བར་དམིགས་ཏེ། ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཤེས་བྱའི་རྣམ་པ་དང་རྩལ་ནུས་རྣམ་པ། གསར་གཏོད་ཅན་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་ཞིག་གང་མགྱོགས་ངང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་རྩལ་ནུས་ཆེ་བའི་འཇོན་མི་སྔར་ལས་གང་མང་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བཟོ་པ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ནི་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་གཏོད་བྱེད་མཁན་གཙོ་བོ་ཡིན་པ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནས་བཤད་ན། ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་སྔར་ལས་མངོན་གསལ་དོད་པོ་བྱུང་ཡོད་མེད་ནི་ཐོག་མར་ངལ་རྩོལ་པ་དུང་ཕྱུར་མང་བོའི་སྟེང་ནས་མངོན་ཡོད་མེད་ལ་ལྟ་དགོས། ལས་བཟོ་པའི་ཁེ་ཕན་གྱི་འཐུས་ཚབ་པ་དང་སྲུང་སྐྱོབ་བྱེད་མཁན་ཡིན་པའི་བཟོ་ཚོགས་ཀྱིས། ཁེ་དབང་སྲུང་སྐྱོབ་དང་ཞབས་ཞུའི་གཞི་རྩའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། ལས་བཟོ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དངོས་ཐག་གཅོད་པར་ཤུགས་སྣོན་པ། ལས་ཞུགས་གསར་བའི་རྣམ་པ་ཡི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་མཐོང་ཆེན་བཅས་བྱེད་དགོས། ཁེ་ལས་དང་མི་དོན་སྡེ་ཁག་གི་དམངས་གཙོའི་དོ་དམ་ལ་ཤུགས་སྣོན་པ་དང་། ལས་བཟོ་པའི་རེ་འདོད་མངོན་འགྱུར་ཡོང་བར་བྱེད་པ། ལས་བཟོ་པས་ཁྲིམས་ལྟར་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱེད་པ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་སྐུལ་འདེད་བཅས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བཟོ་ཚོགས་ཀྱི་བཅོས་སྒྱུར་དང་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་བརྟན་པོར་འཛུགས་པ་དང་། གཞི་རིམ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས། གཞི་རིམ་བཟོ་ཚོགས་ཀྱི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ད་ཡོད་ཀྱི་རྩ་འཛུགས་རྨང་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བཟོ་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སྔར་ལས་ཆེར་བསྐྱེད་གཏོང་དགོས། ལས་དོན་སྤེལ་སྟངས་གསར་གཏོད་བྱས་ནས། ལས་བཟོ་མང་ཚོགས་ལ་གནད་སྨིན་དང་སྙིང་ཉེ་བའི་ཞབས་ཞུ་གང་ལེགས་སྒྲུབ་དགོས། བཟོ་ཚོགས་ཀྱི་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ལས་བཟོ་པའི་བསམ་གཞིགས་དང་རེ་ལྟོས་གང་ཡོད་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། ལས་བཟོ་པར་ཞབས་འདེགས་ཞུ་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བློ་གཅིག་སེམས་གཅིག་གིས་ལས་བཟོ་པའི་ཆེད་དུ་སྐད་ཆ་བཤད་པའི་བྱ་བ་སྒྲུབ་པ་བཅས་བྱེད་དགོས། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀུན་ལ་དཔེ་སྟོན་དང་མིག་དཔེ་བསྟན་ཏེ། ཏང་བློ་བདེ་མོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་གི་ཆབ་སྲིད་ལས་ཁུངས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་ཡིས་བཟོ་ཚོགས་དང་བཟོ་ཚོགས་ཀྱི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། བཟོ་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་ལེགས་འདེམས་ལེགས་སྒྲིག་བྱེད་པ། བཟོ་ཚོགས་ཀྱི་ལས་བྱེད་པར་སྤྲོ་སེམས་ཆེན་པོས་སེམས་ཁུར་དང་བླང་བྱ་ནན་མོ་འདོན་པ། བཟོ་ཚོགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱ་རྒྱུར་མཐོང་ཆེན་བཅས་བྱེད་དགོས། བཟོ་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་དང་། ལས་བཟོ་མང་ཚོགས་དང་བཟོ་ཚོགས་ཀྱི་བྱ་བར་འཕྲད་པའི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ། བཟོ་ཚོགས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གི་རིམ་པ་སོ་སོས་སྲིད་གཞུང་དང་བཟོ་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བཟོ་ཚོགས་ལ་ལས་བཟོ་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་རོགས་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མེན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་སྐབས་གསར་བའི་ཚབ་བྱས་ཏེ། ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འབྲེལ་ཡོད་གནས་ཚུལ་དང་མ་འོངས་པའི་ལོ་ལྔའི་རིང་གི་བཟོ་ཚོགས་ལས་དོན་བཀོད་སྒྲིག་ཐད་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ལིའུ་ཕིང་དང་དབྱང་ཡུས་ཏུང་། ཀའོ་ཧྥུན་ལིན་བཅས་ཀྱིས་གཏམ་བཤད།
ཧྲི་ཐའེ་ཧྥུན་དང་ལིས་ཀན་ཅེ། ལིས་ཧྲུའུ་ལེ། ཁྲིན་ཝུན་ཆིན། ལིའུ་ཅིན་གོ ཝང་ཞའོ་ཧུང་བཅས་གླེང་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།