ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་སྟེང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་གོང་འཕེལ་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
2023.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྐོར་ནས་ཐུན་མོང་སློབ་སྦྱོང་ཐེངས་དགུ་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ན། རིགས་སོ་སོའི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཁེ་གྱོང་མཉམ་མྱོང་། མཉམ་ཤི་མཉམ་གསོན། ལས་སྐལ་གཅིག་འབྲེལ་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཏང་གི་མི་རིགས་བྱ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་བར་སྟངས་འཛིན་ཡང་དག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་ཏང་གི་མི་རིགས་བྱ་བ་དང་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཀྱི་གཙོ་སྙིང་དུ་བྱས་ནས། ཏང་གི་མི་རིགས་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཏན་ཏིག་གིས་སྤེལ་ནས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་འགོ་གཙོ་བློ་མཐུན་ཝང་ཡན་ཀྲུང་གིས་གནད་དོན་དེའི་སྐོར་ནས་སློབ་ཁྲིད་བྱས་པ་དང་། བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་སློབ་ཁྲིད་ལ་ནན་གྱིས་ཉན་པར་མ་ཟད་བགྲོ་གླེང་མཛད།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་བགྲོ་གླེང་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། གནའ་ནས་བཟུང་། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱས་པ་དང་། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྲུན། ང་ཚོའི་ཏང་གིས་སྔར་ནས་བཟུང་མི་རིགས་གནད་དོན་དང་མི་རིགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མི་རིགས་འབྲེལ་བ་ཐག་གཅོད་ཡང་དག་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་པོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཙོ་གནད་དུ་བརྩིས་པ་དང་། མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཀྱི་གཙོ་གནད་དུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་ཡང་དག་སྔར་ལས་རྒྱ་བསྐྱེད་པ་དང་། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས་ལ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ཡུལ་ཁམས་གསར་བ་གསར་འབྱེད་བྱས་པས། ཏང་གི་མི་རིགས་བྱ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བསྐྱོད་ལམ་གསར་བར་ཞུགས་པ་དང་། ཏང་གི་མི་རིགས་བྱ་བའི་ཐད་ནས་གནས་བབ་གསར་བ་དང་ལས་འགན་གསར་བར་ཐུག་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ན། མི་རིགས་གཅིག་ཀྱང་ཆད་མི་རུང་། ང་ཚོས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། མི་རིགས་སོ་སོའི་ཐུན་མོང་གི་དར་རྒྱས་གོང་འཕེལ་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ། རིགས་སོ་སོའི་མི་དམངས་ལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིང་བོར་རྐང་བཙུགས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་སྦྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་སྦྲེལ་བྱས་ནས། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་གཏན་ཚིགས་དང་། གཞུང་ལུགས་གཏན་ཚིགས་བརྩི་སྲུང་བྱས་ཏེ། ཀྲུང་ཧྭ་མི་རིགས་བྱུང་འཕེལ་གྱི་གནས་ལུགས་དང་རིགས་པ། མཚན་ཉིད་བཅས་ཚན་རིག་གི་ལམ་ནས་མངོན་མཚོན་བྱེད་དགོས། རིག་ཚན་གྱི་སྒྲིག་བཀོད་ལེགས་སྒྱུར་དང་རིག་ཚན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན། ཞིབ་འཇུག་གི་ཁ་ཕྱོགས་དྲང་འཛིན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ནས། ཀྲུང་གོ་རང་ལ་དབང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་རྒྱུ་ཆའི་མ་ལག་དང་། སྐད་བརྡའི་མ་ལག གཞུང་ལུགས་མ་ལག་བཅས་མྱུར་དུ་གྲུབ་པར་བྱེད་དགོས། རྒྱ་ཆེའི་ཆེད་མཁས་པ་དང་རིག་གནས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་བསྐྱེད་པར་གཙིགས་འཛིན་བྱེད་པ་དང་། ན་གཞོན་ཆེད་མཁས་པ་དང་རིག་གནས་པ་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ནས། ཁོ་ཚོར་ཁ་ཕྱོགས་དྲང་བོ་སྟོན་པ་དང་ལས་སྟེགས་འཛུགས་པ། གོ་སྐབས་བསྐྲུན་པ། ཁོ་ཚོས་སེམས་རྣལ་དུ་ཕབ་ནས་ཞིབ་འཇུག་བྱེད་པ་དང་ནུས་རྩལ་ཅི་ཡོད་འདོན་པར་སྐུལ་མ་བཏང་ནས། ཀྲུང་གོའི་ལོ་རྒྱུས་ལ་རྐང་འཛུགས་པ་དང་། ཀྲུང་གོའི་ལག་ལེན་ལ་འགྲེལ་རྒྱག་པ། ཀྲུང་གོའི་དྲི་བར་ལན་འདེབས་པ་བཅས་ཀྱི་གསར་གཏོད་རང་བཞིན་གྱི་གཞུང་ལུགས་ཀྱི་གྲུབ་འབྲས་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་བརྟེན་ནས་མ་འོངས་པར་སྐྱོད་པ་དང་སྲོལ་རྒྱུན་ལ་བརྟེན་ནས་དེང་རབས་སུ་སྐྱོད་པ། སྣེ་མང་ཅན་ནས་གཞི་གཅིག་ཅན་དུ་འཕེལ་བར་བྱེད་པ་བཅས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་དགོས་པ་དང་། ཀྲུང་ཧྭའི་ཤེས་རིག་གི་ཁྱད་ཆོས་འབུར་ཐོན་ཅན་ལ་གོ་བ་གཏིང་ཟབ་ལེན་པ་དང་དེར་སྟངས་འཛིན་བྱས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་དུ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད། སྲ་ཞིང་བརྟན་པའི་སྙིང་སྟོབས་དང་རིག་གནས་ཀྱི་རྨང་གཞི་འདིང་དགོས། མི་རིགས་སོ་སོའི་མང་ཚོགས་ལ་ཁ་ཕྱོགས་པའི་ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱུ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་བློ་སྦྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་། བཅོས་སྒྱུར་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་སྤོབས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་སོ་སོའི་མི་དམངས་སྐྱོད་ལམ་གསར་བའི་སྟེང་དཔའ་ངར་ཆེན་པོས་སྐྱོད་རྒྱུ་དང་། དུས་རབས་གསར་བ་སྐྲུན་པའི་བློ་སྟོབས་འཕེལ་བར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་གཞི་རྒྱུ་དང་དུས་རབས་ཀྱི་རིན་ཐང་ལ་ཞིབ་འཇུག་དང་དེ་སྔོག་འདོན་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། ཀྲུང་གོ་རྒྱལ་ཁབ་ཀྱི་སྣང་བརྙན་བཅས་མཚོན་ཐུབ་པའི་མ་ལག་འཛུགས་རྒྱུ་དང་དེ་བེད་སྤྱོད་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་གཅིག་མཐུན་ངོས་འཛིན་མངོན་སུམ་གྱིས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་གྱིས་རྩོམ་སྒྲིག་བྱས་པའི་སློབ་དེབ་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་ཏེ། སྐད་ཆ་ཕན་ཚུན་གཅིག་མཐུན་ཡོང་བར་བརྟེན་ནས་སོ་སོའི་བསམ་པ་དང་ལས་སྐལ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མི་རིགས་སོ་སོའི་བར་ཕན་ཚུན་རྒྱ་ཁྱབ་ངང་འགྲོ་འོང་བྱེད་པ་དང་བརྗེ་རེས་བྱེད་པ། མཉམ་འདྲེས་བྱེད་པ་བཅས་ཀྱི་རྣམ་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་འཕེལ་རིམ་ནི། མི་རིགས་སོ་སོའི་བར་ཕན་ཚུན་རྒྱ་ཁྱབ་ངང་འགྲོ་འོང་བྱེད་པ་དང་བརྗེ་རེས་བྱེད་པ། མཉམ་འདྲེས་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཚང་མ་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་སྒྲེང་སྟེ། མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་མཉམ་དུ་འབད་འཐབ་བྱ་རྒྱུ་དེ་ནི། སྐྱོད་ལམ་གསར་བའི་སྟེང་གི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། མི་རིགས་སོ་སོའི་མི་གྲངས་འཁོར་རྒྱུག་མཉམ་སྡོད་ལ་སྐུལ་འདེད་བཏང་ནས། ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་ཏེ། མི་རིགས་སོ་སོའི་མང་ཚོགས་ལ་མཉམ་སློབ་མཉམ་སྡོད་དང་མཉམ་སྐྲུན་མཉམ་སྤྱོད། ལས་དོན་མཉམ་སྒྲུབ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས། དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྡུད་བྱ་རྒྱུ་དེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འཛུགས་ས་དང་རྐང་འབབ་སར་བརྩིས་ཏེ། མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་ནས། སྤྱི་པའི་ཞབས་ཞུའི་འགན་སྲུང་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་འདྲ་མཉམ་ངང་ཐོབ་པར་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོར་བཤད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་ཤུགས་ཆེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ། དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་གྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་མཛེས་སྡུག་གི་བསམ་འདུན་དྲིལ་སྒྲོག་ཤུགས་ཆེན་བཅས་བྱེད་དགོས། མི་རིགས་དྲིལ་སྒྲོག་ལས་དོན་དང་འབྲེལ་བའི་སྒྲོག་སྤེལ་བྱེད་ཐབས་གསར་གཏོད་བྱེད་རྒྱུ་དང་། སྒྲོག་སྤེལ་གྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྒྲོག་སྤེལ་ཐབས་ལམ་སྔར་ལས་རྒྱ་སྐྱེད་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་བཤད་དེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི། རང་རྒྱལ་གྱི་མི་རིགས་ཡོངས་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བློ་གཏད་ཆོག་པའི་འགན་སྲུང་རྣལ་མ་དེ་ཡིན་པ་གསལ་བོར་སྒྲོག་དགོས་པ་དང་། ཀྲུང་ཧྭ་མི་རིགས་ནི་མོས་སེམས་གཅིག་མཐུན་གྱི་ཚད་མཐོ་ཞིང་གོང་བུར་འགྲིལ་ཤུགས་ཆེན་པོ་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་གསལ་བོར་སྒྲོག་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ནི་ཡང་དག་པ་དང་བླ་ན་མེད་པ་ཞིག་ཡིན་པ་གསལ་བོར་སྒྲོག་དགོས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གཞུང་ལས་རིགས་དང་དམངས་ཁྲོད་ཚོགས་པའི་བརྗེ་རེས་ལ་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མི་རིགས་ལས་དོན་དང་འབྲེལ་བའི་བྱེད་ཕྱོགས་སྲིད་ཇུས་སྣ་ཚོགས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རང་ས་ཁུལ་དང་རང་ལས་ཁུངས་ཀྱི་མི་རིགས་བྱ་བའི་སྐོར་གྱི་གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་ཐག་གཅོད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་བྱ་བ་ཡག་པོར་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།