ཟླ་བཅུ་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཀྲུའུ་ཧི་ཞིན་སོགས་ལ་ཐུག་འཕྲད་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀྲུའུ་ཧི་ཞིན་སོགས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་ཞིན་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་དང་ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གསལ་བོར་བསྟན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཆེད་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ལ། མཚོ་སྔོན་ཧ་ཅང་གལ་ཆེ་ཞིང་གནད་འགག་གི་འཕེལ་རྒྱས་དུས་སྐབས་སུ་སླེབས། ཀྲུང་ཞིན་སྡེ་ཚོགས་དང་མཚོ་སྔོན་བར་ཡུན་རིང་གི་མཉམ་ལས་འབྲེལ་བ་བཟང་བོ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་མཉམ་ལས་ལ་ཤུགས་སྣོན་པ། མཚོ་སྔོན་གྱི་ཉི་འོད་ནུས་པ་ཕུན་སུམ་ཚོགས་ཤིང་ཆུ་འཛོམས་པ་དང་རླུང་འཇམ་ལ། ས་རྒྱ་ཆེ་བའི་ནུས་ཁུངས་ཐོན་ཁུངས་སྦས་ཤུགས་དང་གསོག་ཚད་ཕུན་སུམ་ཚོགས་པའི་ཚྭ་མཚོའི་ལིས་ཐོན་ཁུངས་ལ་དམིགས་ནས། ཀྲུང་ཞིན་སྡེ་ཚོགས་ཀྱི་དངུལ་རྩ་དང་ཁེ་ལས་དུས་གཅིག་ཏུ་སྤེལ་བའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་དུ་མ་དངུལ་གཏོང་ཤུགས་ཆེར་བསྐྱེད་པ། ཐོན་ལས་ཀྱི་ཕྲེང་འབྲེལ་རྒྱུན་མཐུད་ངང་རྒྱུན་བསྲིང་བ། ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་མཐོར་འདེགས་བཏང་སྟེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།
ཀྲུའུ་ཧི་ཞིན་གྱིས་མཚོ་སྔོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་ཞིན་སྡེ་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། ཀྲུང་ཞིན་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྔ་ལྔ་གསུམ་འཐབ་ཇུས་དང་བཅུ་བརྒྱ་སྟོང་ཁྲིའི་དམིགས་འབེན་ལ་དམིགས་ནས། མཚོ་སྔོན་གྱི་ཕྱོགས་སོ་སོའི་བར་གྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲའོ་གཉིས་ཐུག་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།