སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཐུན་མོང་གླེང་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
2023.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གླེང་མོལ་གནང་སྐབས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། རྒྱ་ཆེའི་བུད་མེད་ཚོས་རང་བཀུར་དང་རང་རྟོན་བྱེད་པ། རང་སྟོབས་རང་སྤེལ། འབད་འབུངས་ཡར་བརྩོན་བཅས་ཀྱི་བསམ་པའི་ངོས་ནས་སྐྱོད་ལམ་གསར་བ་བསྐྲུན་པ་དང་། དུས་རབས་གསར་བར་བྱས་རྗེས་འཇོག་དགོས་ཞེས་ནན་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་བ་དང་། ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། རྒྱ་ཆེའི་བུད་མེད་རྣམས་ཀྱིས་དངོས་སྒྲུབ་ལ་བརྟེན་ནས་སྐྱོད་ལམ་གསར་བའི་སྟེང་དུ་བྱས་རྗེས་འཇོག་པ་དང་མུ་མཐུད་དུ་གཟི་བརྗིད་བརྩོན་ལེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་བུད་མེད་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། བུད་མེད་ཀྱི་ཁེ་དབང་འགན་ལེན་གྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། བུད་མེད་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་བཅས་ཀྱི་དབང་གིས། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པར་རྩེ་གཅིག་ཏུ་དམིགས་རྒྱུ་དང་། བྱ་བའི་ཤུགས་སྣོན་ས་གནད་འཁེལ་ངང་འཚོལ་བ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ལས་འགན་ཞིབ་ཕྲ་ཅན་དུ་བསྒྱུར་དགོས་ཞེས་གསུངས། ཚང་མས་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་རྒྱུ་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་དང་བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་རེད། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་རྒྱུན་ལྡན་ཅན་དུ་གཏོང་བ་དང་རྒྱུན་ལྡན་ལྟར་དམ་འཛིན་བྱེད་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།