ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2023.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། 《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》། 《རང་བྱུང་སྒེར་སྡོམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》།《ཆེད་མཁས་པ་སྤྱི་པའི་ཇུས་ཆོད་ཁྲོད་ཞུགས་པའི་བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་སྐབས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་པས། 2035ལོའི་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་སུམ་གྱིས་ཇེ་ཆེར་གཏོང་བ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། འགན་ལེན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་ཡོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནི་རྒྱལ་ཁབ་སྔོན་རྩིས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། བྱེད་ནུས་ཇེ་ཆེར་གཏོང་བ། འགྲོ་སྒོ་དང་ཡོང་སྒོའི་དོ་དམ་འཐུས་ཚང་དུ་གཏོང་བ། མ་དངུལ་གྱི་ཕན་ནུས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། རང་བྱུང་སྒེར་སྡོམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ནུས་པ་ཇེ་ཆེར་གཏོང་བ། རྒྱལ་དབང་དཔལ་འབྱོར་གྱིས་རང་བྱུང་སྒེར་སྡོམ་ལྷུ་ཚིགས་ཀྱི་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་འཛུགས་པའི་དགོས་མཁོ་སྔར་ལས་ཡག་པོ་སྐོང་ཐུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། སྤྱི་པའི་ཐབས་ཇུས་ལ་ཞབས་ཞུ་དང་འདེགས་སྐྱོར་སྔར་ལས་ཡག་པོ་བྱ་རྒྱུ་རྐང་འཛུགས་སར་བརྩིས་ནས། ཆེད་མཁས་པ་སྤྱི་པའི་ཇུས་ཆོད་ཁྲོད་ཞུགས་པའི་བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། བརྒྱུད་རིམ་གྱི་ཚད་གཞི་སྔར་ལས་ཚད་ལྡན་ཅན་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། ཆེད་མཁས་པ་སྤྱི་པའི་ཇུས་ཆོད་ཁྲོད་ཞུགས་པར་ནུས་ཤུགས་གང་ཡོད་འདོན་པ་དང་གསོན་ཤུགས་ཀྱིས་རབ་ཏུ་ཕྱུག་པ། སྤྱོད་གཙང་གཞུང་དྲང་ཡིན་པ་བཅས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དགར་ནས་དོ་དམ་ཚོད་འཛིན་བྱ་རྒྱུ་དེས་སྐྱེ་ཁམས་ཁོར་ཡུག་འབྱུང་རྩ་ནས་སྔོན་འགོག་བྱེད་པའི་མ་ལག་ཁྲོད་དུ་རྨང་གཞིའི་རང་བཞིན་གྱི་ནུས་པ་ཐོན་ཡོད་པས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ནུས་པར་འགན་ལེན་བྱེད་པ་དང་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་ལ་ས་ཁོངས་དགར་བ་དང་གནད་སྨིན་དོ་དམ་ཚོད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རིགས་པའི་གཞུང་ལུགས་ནས་ལག་ལེན་གྱི་བར་དུ། རིམ་པར་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་གསར་བ་དང་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི་རེ་ལྟོས་གསར་བར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཐད་གནས་པའི་མངོན་གསལ་ཅན་གྱི་གནད་དོན་ཅི་ཡོད་གཅིག་སྡུད་སྒོས་ཐག་གཅོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་དགར་ནས་སྲིད་ཇུས་ལག་བསྟར་བྱེད་པ། ཁུལ་དབྱེ་ནས་བཅོས་སྒྲིག་བྱེད་པ། ཞིབ་ཕྲ་ཅན་གྱི་འཛུགས་སྐྲུན་བཅས་བྱས་ནས། ཞིབ་ཕྲའི་བྱ་སྤྱོད་རེ་རེ་བཞིན་སྤེལ་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་འབེན་དེ་གོམ་གང་མདུན་སྤོས་ཀྱིས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྔོན་རྩིས་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་འདུན་པ་མཚོན་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། སྟོབས་ཤུགས་གཅིག་སྡུད་སྒོས་དོན་ཆེན་སྒྲུབ་པའི་སྒྲིག་སྲོལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་དབང་དཔལ་འབྱོར་གྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། རྒྱལ་དབང་མ་རྩ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཞབས་ཞུ་དང་འཕྲལ་སྡོམ་ནུས་པ། སྤྱི་ཕན་རང་བཞིན་གྱི་ཁྱབ་ཁོངས་སོགས་སུ་གཅིག་སྡུད་བྱེད་པ། རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སུ་གཅིག་སྡུད་བྱེད་པ་བཅས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྔར་ལས་ལེགས་པའི་སྒོ་ནས་བསྐྲུན་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “གྲོན་ཆུང་སྒོས་འཚོ་བ་རོལ་བའི”བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ནོར་སྲིད་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་པར་གཅིག་གྱུར་སྒོས་འཆར་འགོད་དང་ལུགས་མཐུན་གྱི་སྒོ་ནས་བགོ་འགྲེམས་བྱེད་པར་ཤུགས་སྣོན་པ། སྔོན་རྩིས་ཀྱི་འགྲོ་སྒོ་དང་ཡོང་སྒོའི་གཞི་ཁྱོན་ལུགས་མཐུན་གྱི་སྒོ་ནས་གཏན་འཁེལ་བྱེད་པ། དམངས་ཚིས་གཅིག་གྱུར་གྱིས་འགན་སྲུང་དང་ལེགས་བཅོས་གཏོང་བ། བག་མེད་ཆུད་ཟོས་དང་འཕྲོ་བརླག་གཏོང་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བཅས་བྱེད་དགོས། སྔོན་རྩིས་ཀྱི་ཁྲིམས་བཀོད་རྒྱུན་འཁྱོངས་དང་སྔོན་རྩིས་ཀྱི་ཚོད་འཛིན་ལ་ཤུགས་སྣོན་པ། སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ལ་སྐུལ་འདེད་གཏོང་བ། དམངས་ཆེན་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་གློག་ཤུགས་དང་སྣུམ་རླངས། ལྕགས་ལམ་སོགས་ལས་རིགས་ཀྱི་དྲ་རྒྱའི་ལྷུ་ཚིགས་ལ་རང་བྱུང་སྒེར་སྡོམ་གྱི་ངོ་བོ་ལྡན་པ་དེ་ནི། རང་རྒྱལ་གྱི་རྒྱལ་དབང་དཔལ་འབྱོར་ཁྱབ་ཚུལ་གྱི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན། ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ནུས་ཇེ་ཆེར་གཏོང་བ། རང་བྱུང་སྒེར་སྡོམ་ལྷུ་ཚིགས་སུ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཆར་འགོད་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། གཉེར་སྐྱོང་ཁྱབ་ཁོངས་དང་གཉེར་སྐྱོང་བྱ་སྤྱོད་སོགས་ཐད་ཀྱི་ལྟ་སྐུལ་དོ་དམ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་པ། རང་བྱུང་སྒེར་སྡོམ་ལྷུ་ཚིགས་སུ་གནས་པའི་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་འཁུར་བར་སྐུལ་འདེད་གཏོང་བ། རྒྱལ་དབང་མ་རྩས་དྲ་རྒྱའི་རྣམ་པའི་རྨང་གཞིའི་སྒྲིག་ཆས་སྟེང་མ་དངུལ་གཏོང་གྲངས་ཇེ་མང་དུ་གཏོང་བ་བཅས་བྱས་ནས། རྐང་འཛིན་དྲ་རྒྱུའི་བདེ་འཇགས་དང་དེའི་བློ་གཏད་ཆོག་པའི་རང་བཞིན་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས། རང་བྱུང་སྒེར་སྡོམ་ལྷུ་ཚིགས་སུ་སྒེར་སྡོམ་རང་བཞིན་གྱི་ལས་སྒོ་དང་འགྲན་རྩོད་རང་བཞིན་གྱི་ལས་སྒོའི་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱས་ཏེ། སྒེར་སྡོམ་གྱི་དགེ་མཚན་དེ་གོང་འོག་འགྲན་རྩོད་བྱེད་པའི་ལྷུ་ཚིགས་སུ་རྒྱ་སྐྱེད་གཏོང་བར་སྔོན་འགོག་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཆེད་མཁས་པ་ནི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རིག་ནུས་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས། ཆེད་མཁས་པའི་དཔུང་སྡེ་ཡི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཆེད་མཁས་པ་སྤྱི་པའི་ཐབས་ཇུས་ཁྲོད་ཞུགས་པའི་སྲིད་ཇུས་འགན་ལེན་དང་དེར་སྐུལ་ལྕག་གཏོང་བའི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས། ཆེད་མཁས་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས། ཆེད་མཁས་པ་འདེམས་སྒྲུག་ནས་དཔྱད་ཞིབ་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་འབྲེལ་ཐག་ཡོངས་ཀྱི་དོ་དམ་ལམ་ལུགས་མ་ལག་འཛུགས་རྒྱུ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། ཁྱབ་ཁོངས་དང་རིགས་དགར་ནས་ཆེད་མཁས་པ་སྤྱི་པའི་ཐབས་ཇུས་ཁྲོད་ཞུགས་པའི་ལམ་ལུགས་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཆེད་མཁས་པ་སྤྱི་པའི་ཐབས་ཇུས་ཁྲོད་ཞུགས་པའི་འགན་འཁྲིའི་ངེས་གནས་དང་། དབང་ཆ་དང་འོས་འགན། དེ་མཚུངས་ཀྱི་འགན་འཁྲི་སོགས་གཏན་ཁེལ་ཁ་གསལ་བཟོས་ཏེ། ཆེད་མཁས་པ་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་བློ་འདོན་ཇུས་འབུལ་བྱེད་པར་སྐུལ་མ་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྐྱེ་ཁམས་ཁོར་ཡུག་ཁུལ་དགར་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་ཏེ། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་རྒྱུ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན་ལ་འབྲེལ་མཐུད་གང་ལེགས་བྱེད་པ། ས་ཁོངས་རང་བཞིན་དང་འབབ་རྒྱུད་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་གནད་དོན་འབུར་ཐོན་ཅན་ལ་དམ་པོར་དམིགས་རྒྱུ། སྐྱེ་ཁམས་ཁོར་ཡུག་ཁུལ་དགར་ནས་དོ་དམ་ཚོད་འཛིན་བྱེད་པའི་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ། གནད་དོན་དབྱེ་འབྱེད་ནས་ཐག་གཅོད་ཇུས་གཞིའི་བར་གྱི་ཁུལ་དགར་ནས། རིགས་དབྱེ་བ་དང་དོ་དམ་ཚོད་འཛིན་བྱེད་པའི་ཐབས་ཇུས་འཐེན་པ་བཅས་བྱེད་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁུལ་དགར་ནས་དོ་དམ་ཚོད་འཛིན་བྱས་པའི་ཕན་འབྲས་བེད་སྤྱད་དེ། རྒྱལ་ཁབ་དང་ས་གནས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་ཐབས་ཇུས་ལག་བསྟར་ལ་ཞབས་འདེགས་ཞུས་ནས། གསར་སྤེལ་དང་སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་སྟོན་བྱེད་དགོས་ཞེས་བསྟན།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།