ཟླ11པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། རང་ཞིང་གིས་ལག་ལེན་དངོས་འབེབས་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས་ཏེ་དུས་རབས་གསར་བའི་བྱང་ཤར་གྱི་ཕྱོགས་ཡོངས་དར་རྒྱས་ཐད་བཀོད་སྒྲིག་གང་ལེགས་བྱས་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་རེ་འདུན་ལ་གོ་བ་ཟབ་མོ་བླངས་ནས། རེ་བ་གལ་ཆེན་གཞིར་བཟུང་ནས་མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་དགོས། སྔར་ལས་ལྷག་པའི་སྒོ་ནས་གོ་སྐབས་དམ་འཛིན་བྱས་ཤིང་། སྔོན་སྐྱོད་མེད་ན་ཉམས་རྒུད་ཡིན་ལ། མདུན་སྐྱོད་དལ་ཡང་ཉམས་རྒུད་ཡིན་པའི་སེམས་ཁུར་བསམ་པས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།
སྐྱེ་ཁམས་སྲུང་བ་ནི་རྒྱུ་འབྱོར་སྲུང་བ་ཡིན་པའི་འདུ་ཤེས་ཆགས་པར་བྱེད་པ་དང་། ནན་ཏན་གྱིས་རོགས་ལས་བྱས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་གནས་པའི་བར་ཁྱད་དང་མི་འདང་སར་བསམ་བློ་གང་ལེགས་བཏང་སྟེ། སེམས་པ་རྣམ་དག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱེད་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་གྱི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱད་ཆོས་ལྡན་པའི་གཞུང་ལུགས་ཀྱི་གྲུབ་འབྲས་སྐོར་ཞིག་ཆགས་པར་བརྩོན་ལེན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འཕེལ་རྒྱས་བཟོ་སྐྲུན་ལག་བསྟར་གང་ལེགས་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱེད་པར་མཐོང་ཆེན་བྱེད་པ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་པ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཁྱབ་གདལ་དུ་བཏང་སྟེ། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། ཏང་གི་མི་རིགས་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཤིང་། བསྩལ་བ་གསུམ་དང་ཕན་ཐོགས་པ་གཅིག་གི་རེ་བ་གལ་ཆེན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས། མི་རིགས་སོ་སོའི་བརྗེ་རེས་མཉམ་འདྲེས་ལ་ཡར་སྐུལ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།
གྲོས་ཚོགས་ནས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དངུལ་ལོར་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་སྲིད་ཇུས་ནང་དོན་ཁོང་དུ་ཆུད་པར་བྱེད་པ། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། དངུལ་ལོར་ཉེན་ཁ་སྔོན་འགོག་དང་ཞི་འཇགས་སུ་གཏོང་བ་འབུར་ཐོན་གོ་གནས་སུ་འཇོག་པ་དང་། དངུལ་ལོར་ཁྱབ་ཁོངས་ཀྱི་ལྟ་རྟོག་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་བཏང་ནས། གནད་དོན་ཐག་གཅོད་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་གལ་ཆེན་ལ་རྐང་བཙུགས་ནས། སྔར་ལས་ལྷག་པའི་སྒོ་ནས་དངུལ་ལོར་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ས་གནས་དངུལ་ལོར་རྩ་འཛུགས་ཀྱི་མ་ལག་ལེགས་སྒྱུར་བྱས་ཏེ། ཟོལ་མེད་ཀྱིས་འཐབ་ཇུས་གལ་ཆེན་དང་ཁྱབ་ཁོངས་གཙོ་བོ། ཉམས་ཞན་ལས་རིམ་བཅས་ཀྱི་སྤུས་ལེགས་དངུལ་ལོར་ཞབས་ཞུར་ཤུགས་སྣོན་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལ་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་དགོས། རིགས་སྣ་ཚོགས་ཀྱི་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས། རིགས་དགར་ཇུས་བསྟར་དང་ཁག་བགོ་བཅོས་སྐྱོང་བྱས་ཏེ་ཕྱོགས་ཡོངས་ནས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིར་ཐུན་མོང་དུ་གྲོས་མོལ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གིས་བུད་མེད་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཀྲུང་གོའི་བུད་མེད་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གྱི་རེ་བ་ལྟར། བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཟོལ་མེད་ཀྱིས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། བསྟུད་མར་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་བུད་མེད་དག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཁྱད་སྟོབས་འདོན་སྤེལ་དང་བྱ་བ་ནན་སྒྲུབ་བྱེད་པར་སྐུལ་མ་གཏོང་དགོས་ཟེར།
གྲོས་ཚོགས་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གསུམ་པའི་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་དང་སྐོར་ཐེངས་དང་པོའི་སྐོར་ཞིབ་ལེགས་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་རུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་མངགས་པའི་ཚོད་ལྟའི་ཇུས་གཞིར་གྲོས་ཞིབ་བྱས་རྗེས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དེ་སྐོར་ཞིབ་དང་ལྟ་རྟོག་གི་བརྒྱུད་རིམ་ཧྲིལ་བོ་ལས་མངོན་པར་བྱེད་དགོས་པ་དང་། གཟབ་ནན་གྱི་གཞི་གདངས་དོན་འཁྱོལ་བྱེད་པ། རྩད་ཆོད་པའི་གནད་དོན་དེ་གཙོ་གནད་དུ་བཟུང་སྟེ། བརྗོད་དོན་སློབ་གསོ་དང་སྤྱོད་ཚུལ་གྱི་འབུར་ཐོན་གནད་དོན་ལ་ཆེད་དོན་དག་ཐེར་བྱེད་པ་སོགས་བྱ་བ་གཙོ་བོར་ཟུང་འབྲེལ་དམ་པོ་བྱས་ཏེ་སྐོར་ཞིབ་བྱེད་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལྟ་རྟོག་བྱེད་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ཤིང་། དེའི་ནང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། མ་ལག་གི་བསམ་གཞིགས་ནུས་པར་ཤུགས་སྣོན་པ། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ། ཕན་ཚུན་སློབ་སྦྱོང་དང་དཔེ་གཞིར་འཛིན་པར་ཤུགས་བསྣན་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ། ངེས་པ་དོན་གྱིས་གནས་ཚུལ་རྩད་གཅོད་གསལ་བོ་དང་གནད་དོན་ཡང་དག་པར་བཙལ་བ། ཐབས་ཇུས་དངོས་སུ་བཏོན་ནས། ཞིང་སྡེའི་སྐྱེ་ཁམས་དང་འབྲུ་རིགས་ཐོན་སྐྱེད། ཐོན་ལས་འཕེལ་རྒྱས། ཞིང་བའི་ཡོང་འབབ་འཕར་བ་སོགས་ཀྱི་འབྲེལ་བར་གཅིག་གྱུར་བཀོད་འདོམས་བྱས་ཏེ་བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་དེ་ས་ཁོངས་མི་འདྲ་བའི་ཉམས་མྱོང་དང་མིག་དཔེར་འགྱུར་དུ་འཇུག་དགོས་ཟེར།
གྲོས་ཚོགས་ནས་ཅང་སུའུ་དང་མཚོ་སྔོན་གྱིས་ཤར་ནུབ་རོགས་ལས་བྱ་བ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་རྗེས་ནན་གྱིས་བསྟན་དོན། ཤར་ནུབ་ཀྱི་རོགས་ལས་ནི་འཐབ་ཇུས་གོ་སྐབས་གལ་ཆེན་ཞིག་ཡིན་ཞིང་། བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་རོགས་སྐྱོར་བྱེད་ཐབས་གསར་གཏོད་བྱེད་པ། རོགས་ལས་ཤུགས་ཚད་ཇེ་ཆེར་གཏོང་བ། ཐོན་ལས་གཙོ་བོའི་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་བྱེད་པ། སྟེགས་བུ་མཉམ་འཛུགས་དང་ཐུན་མོང་ཚོང་འགུག་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་བ་སོགས་གོ་སྐབས་སུ་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་ཆད་ལྷག་ཁ་གསབ་བྱས་ནས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་ནས་བསྟན་དོན། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་འགུལ་སྐྱོད་མཐོར་འདེགས་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལས་བསགས་པའི་ཉམས་མྱོང་རྩ་དོན་བེད་སྤྱོད་གང་ལེགས་བྱས་ཤིང་། ཡུལ་བབ་དང་བསྟུན་པ་དང་ཁེ་ལས་ཀྱི་གནས་ཚུལ་དང་བསྟུན་པ། རིམ་པ་བཞིན་དུ་སྐུལ་འདེད་གཏོང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྱུར་བྱེད་ནུས་མཐོར་འདེགས་བྱས་ཏེ། ཤུགས་ཆེན་པོས་བཅོས་སྒྱུར་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ནས་གནད་དོན་གཞན་པར་ཞིབ་འཇུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།