ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་རྫོང་ཏང་ཨུའི་ཧྲུའུ་ཅིས་བརྟན་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ11པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་མགོ་འཛིན་བྱས་ནས་རྫོང་ཏང་ཨུའི་ཧྲུའུ་ཅིས་བརྟན་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྲུང་སྐྱོབ་དང་བདེ་འཇགས་དེ་བྱ་བའི་ཕྱོགས་སོ་སོའི་གོ་རིམ་ཁྲོད་ཁྱབ་པར་བྱེད་པ། རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ནན་མོར་ཁུར་ནས་མཚོ་སྔོན་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་རྨ་ལྷོ་ཁུལ་ཏང་ཨུ་དང་ཕེན་ཨན་ས་ཁུལ། ཐེམ་ཆེན་རྫོང་། ཐུན་ཏེ་རྫོང་། ནང་ཆེན་རྫོང་། པདྨ་རྫོང་བཅས་ཀྱི་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་པའི་གནས་ཚུལ་དང་སྦྲེལ་ནས་གཏམ་བཤད་པ་དང་། འབྲེལ་ཡོད་རྫོང་དང་ས་ཁུལ་གཞན་པས་ཡིག་ངོས་བརྗེ་རེས་བྱས།

ཁྲིན་ཀང་གིས་རྫོང་བཅོས་སྐྱོང་ནན་མོ་བྱས་ན་གནམ་འོག་བདེ་བར་གནས། རྫོང་ཁོངས་ནི་བརྟན་འཇགས་སྲུང་སྐྱོབ་ཀྱི་སྒར་ས་དང་པོ་ཡིན་ལ། རྫོང་ཏང་ཨུའི་ཧྲུའུ་ཅི་ནི་བརྟན་འཇགས་སྲུང་སྐྱོབ་བྱ་བའི་གནད་འགག་ཡིན་པས་རྒྱུན་པར་ཚད་མཐའི་བསམ་བློ་དང་ཉེན་ཁའི་འདུ་ཤེས་ཡོད་པར་བྱེད་དགོས་ལ། ནམ་རྒྱུན་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ་དུས་རྒྱུན་དུ་དམ་འཛིན་བྱེད་པ་དང་། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་མི་ཐུབ་པའི་དོན་རྐྱེན་ལ་འགོག་ཟོན་དང་ཁ་གཏད་ནུས་ལྡན་འཇལ་ནས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཕྱོགས་སོ་སོའི་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ་ཏང་དང་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཞེས་བསྟན།

ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱིས་བརྟན་འཇགས་སྲུང་སྐྱོབ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བར་ཁྱད་དང་མི་འདང་སར་དབྱེ་ཞིབ་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། དེང་དུས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱ་བ་ལེགས་པར་སྒྲུབ་དགོས་ཚེ་བྱ་བའི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་ནི་ཆེས་ཆེ་བའི་བར་ཆད་ཡིན་ལ། སྲིད་ཇུས་ལ་རྒྱུས་ལོན་མེད་པ་ནི་ཆེས་གནད་ཆེ་བའི་མི་འདང་ས་ཡིན་ཞིང་ཉེན་ཁར་དབྱེ་ཞིབ་བརྡར་གཅོད་བྱས་པ་ཞིབ་ཕྲ་མིན་པ་ནི་ཆེས་ཚབས་ཆེ་བའི་ཉེན་ཁ་ཡིན། དེ་བཞིན་རྨང་གཞི་སྲ་བརྟན་མིན་པ་ནི་ཆེས་ཆེ་བའི་ཚད་བཀག་དང་སྤྱོད་ཚུལ་མི་ལེགས་པ་ནི་ཆེས་ཆེ་བའི་ཉེན་ཚབས་ཡིན། དེ་བས་བརྟན་འཇགས་སྲུང་སྐྱོབ་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། ལངས་གནས་མཐོར་འདེགས་དང་བསམ་བློ་གཅིག་གྱུར། སྤྱི་ཡོངས་ལ་བསམ་བློ་བཏང་སྟེ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་ཀྱི་རྒྱུན་བསྐྱངས་ནས་གཙོ་གནད་ས་གནས་ཀྱི་མི་འདང་ས་ཁ་གསབ་དང་ཉམས་ཞན་སར་ཤུགས་བསྣན་ཏེ་ཕྱོགས་སོ་སོ་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་ནས་བརྟན་འཇགས་སྲུང་སྐྱོབ་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས། བརྟན་འཇགས་སྲུང་སྐྱོབ་བྱ་བ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་སྤྱིའི་གནས་བབ་དང་། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཆུང་གི་འགན་འཁྲིའི་གསལ་ཁྲའི་ཁྲོད་བཞག་ནས་ཏང་ཨུ་དང་ཏང་ཙུའུ་ཡི་བརྟན་འཇགས་སྲུང་སྐྱོབ་བྱ་བར་གྲོས་བསྡུར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། བཀོད་གཏོང་དང་ལྟ་སྐུལ་མཛུབ་སྟོན། དཔྱད་འཇོག་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་དག་ཆད་ལྷག་མེད་པར་ལག་བསྟར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཏང་གི་མི་རིགས་དང་ཆོས་ལུགས་བྱ་བའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ། སྲིད་ཇུས་དང་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པ་དང་བསམ་བློའི་སློབ་གསོར་སྣེ་ཁྲིད་བྱེད་པ། འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་པ། དགོན་པའི་དོ་དམ་དང་ཞབས་ཞུ་སོགས་ཀྱི་ཕྱོགས་སུ་ཤུགས་འདོན་དགོས། འགན་རྩོད་ཞིབ་བཤེར་དང་ཐག་གཅོད་ཚུལ་རྒྱུན་རྣམ་ཅན་དུ་བཏང་ནས་ས་བཅད་རང་བཞིན་གྱི་དོ་དམ་ཞིབ་ཕྲ་བཟོ་བ། འབུར་ཐོན་རང་བཞིན་གྱི་གནད་དོན་དང་ཉེན་ཁར་དམ་དུ་དམིགས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དང་ཞབས་ཞུ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕན་འབྲས་ཐོན་པར་བྱེད་དགོས། མང་ཚོགས་ཀྱི་རེ་འདོད་མངོན་འགྱུར་ཡོང་བར་བྱེད་པ་དེ་ས་གནས་ཀྱི་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་དུ་བརྩིས་ནས་རང་འགུལ་ངང་འཕྲིན་བཅར་དང་ལེན་བྱས་ཏེ་མང་ཚོགས་ཀྱི་རེ་འདོད་ལ་ཨ་ལན་ཡོད་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡི་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ལེགས་སྒྱུར་དང་དག་སྒྲིག ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་བྱ་བའི་ནུས་པ་མུ་མཐུད་མཐོར་འདེགས་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དེ་བརྟན་འཇགས་སྲུང་སྐྱོབ་ཀྱི་བཙན་རྫོང་བརྟན་པོ་རུ་བསྐྲུན་དགོས། 

ཚོགས་འདུའི་སྔོན་ལ། ཁྲིན་ཀང་ཐུན་རིན་གྲོང་ཁྱེར་གྱི་བརྗོད་དོན་སློབ་གསོའི་གཞུང་སྒྲུབ་ཁང་དང་སེང་གེ་གཤོང་ཡ་མགོ་དགོན། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དང་ཞབས་ཞུ་ལྟེ་གནས་བཅས་སུ་སོང་ནས་བརྗོད་དོན་སློབ་གསོ་དང་དགོན་པའི་འཛུགས་སྐྲུན། ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་བཅས་ལ་ལྟ་སྐུལ་འཛུབ་སྟོན་བྱས། ཁོས་ལས་བྱེད་པས་ལས་ལ་གཞོལ་བ་དང་བསམ་ཕྱོགས་གསལ་བ། སྒྲིག་ལམ་དམ་པའི་བྱ་བའི་བླང་བྱ་ལག་བསྟར་བྱས་ནས་མི་བཀོལ་ཁྲིད་ཕྱོགས་སྔར་ལས་མངོན་གསལ་དུ་གཏོང་བ་དང་། ལས་ལ་མི་གཞོལ་བའི་ལས་བྱེད་པ་ཇེ་ཉུང་དང་ལས་ལ་གཞོལ་བའི་ལས་བྱེད་པ་ཇེ་མང་དུ་གཏོང་དགོས་ཞེས་བཤད།

ཞིང་ཆེན་གྱི་འགོ་ཁྲིད་པ་དབྱང་ཧྥ་སིན་དང་པད་ཁོ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལི་ཧུང་ཡཱ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་གྲོང་ཁྱེར་དང་ཁུལ་ཏང་ཨུའི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

མི་ཕམ་མགོན་པོས་བསྒྱུར།