ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།
2023.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ11ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དང་། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་བཅས་སུ་སོང་ནས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་བྱ་བར་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་རིགས་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ལས་རིགས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་སྐྱེད་དང་སློབ་གསོའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱས་ནས་ཆེད་ལས་འཇོན་མི་གསོ་སྤེལ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལག་རྩལ་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཁྲིན་ཀང་སློབ་ཁང་དང་དངོས་སྦྱོང་རྟེན་གཞིར་སོང་ནས། ནན་ཏན་གྱིས་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་གནས་ཚུལ་ལ་ཉན་པ་དང་། དགེ་རྒན་དང་སློབ་མར་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཆབ་སྲིད་བསམ་བློའི་སློབ་ཁྲིད་དང་ཆེད་ལས་ལག་རྩལ་གསོ་སྦྱོང་། སློབ་འཕར་ལས་ཞུགས་ཐབས་ལམ། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས། ཁོས་བཤད་རྒྱུར། ཆབ་སྲིད་བསམ་བློའི་སློབ་གསོ་དེ་རིག་ཚན་སློབ་ཁྲིད་ནང་འདྲེས་པར་བྱེད་པ་དང་སློབ་མའི་ཕུགས་བསམ་འདུ་ཤེས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ལས་རིགས་སློབ་གསོ་དེ་ནུས་པ་གསོ་སྤེལ་བྱེད་པའི་ལག་ལེན་སློབ་གསོ་དང་ཚོང་རར་ཁ་ཕྱོགས་པའི་ལས་ཞུགས་སློབ་གསོར་བསྒྲུབ་དགོས། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་པ་དང་། རོགས་སྐྱོར་སྲིད་ཇུས་སྣ་ཚོགས་འཐུས་ཚང་དུ་བཏང་ནས་དངོས་འབེབས་བྱས་ཏེ། ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་སློབ་མའི་དཀའ་ཁག་སེལ་དགོས་པར་མ་ཟད། དགེ་རྒན་གྱི་བྱ་བའི་ཐད་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། དགེ་རྒན་གྱི་དཔུང་སྡེའི་གཏན་འཇགས་རང་བཞིན་མཐོར་འདེགས་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལས་རིགས་སློབ་གསོའི་མདུན་ལྗོངས་རྒྱ་ཆེ་བ་དང་བྱ་བ་མང་བོ་བསྒྲུབ་དགོས། ཏང་གི་སློབ་གསོའི་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གཞི་རྩའི་ལས་འགན་དངོས་འབེབས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ལས་རིགས་སློབ་གསོ་དེ་ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི་མཐོ་ཚད་དུ་བཞག་ནས་གཅིག་འདོམ་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་གསར་གཏོད་ལ་བསྟུད་མར་སྐུལ་འདེད་བཏང་སྟེ། ཤར་ནུབ་ཕྱོགས་ཀྱི་རོགས་ལས་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་སོགས་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ནས། སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་སྒོས་སློབ་མ་བསྡུ་བ་དང་མཉམ་འབྲེལ་གྱིས་གསོ་སྐྱོང་བྱེད་པ། གཞི་གཅིག་ཅན་གྱི་སློབ་གསོའི་ཡུན་རིང་ཕན་ནུས་རྐྱེན་སྲོལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་འཚམ་ཞིང་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གཉིས་རྒྱལ་གྱི་ཐོན་སྐྱེད་དང་སློབ་གསོའི་མཉམ་འདྲེས་བྱེད་ཐབས་འཚོལ་ཞིབ་བྱས་ནས། མཚོ་སྔོན་གྱི་དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་དགོས། གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་དགོས་མཁོ་དང་འཚམ་པར་བྱས་ནས། ལག་རྩལ་བྱེད་ནུས་ལྡན་པའི་འཇོན་མི་དཀོན་པའི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་བྱང་ཚད་མཐོ་ཞིང་ལག་རྩལ་ལྡན་པའི་འཇོན་མི་སྔར་ལས་མང་བོ་གསོ་སྐྱོང་བྱེད་དགོས། ཤུགས་ཆེན་པོས་ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་བྱས་ཏེ། སློབ་མ་རྣམས་རྩལ་ནུས་ལྡན་པའི་འཇོན་མིར་གྱུར་ནས་རྩལ་ནུས་ཀྱིས་ཕྱུག་འགྱུར་བྱེད་པ་དང་། རྩལ་ནུས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བྱེད་པའི་ལམ་དུ་བགྲོད་པར་སྐུལ་མ་བཏང་སྟེ། ལས་རིགས་སློབ་གསོའི་མཁོ་འདོན་དང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་དགོས་མཁོ་ཚད་མཐོས་ཆ་སྡེབ་བྱས་ནས། ལས་རིགས་སློབ་གསོའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་། ཀྲུའུ་ཞང་ཧྥུན། དབྱང་ཀྲི་ཝུན་བཅས་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།