ཞིང་ཆེན་སྲིད་གྲོས་ཀྱིས་ལག་བསྟར་བསམ་འཆར་གཏན་འབེབས་པར་འགྲེམ་བྱས་ཏེ་རྟོག་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས།
2023.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྟོག་དཔྱོད་ཞིབ་འཇུག་དར་སྤེལ་ཆེན་པོ་བྱེད་པའི་སྐོར་གྱི་བཀོད་སྒྲིག་རེ་བ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱེད་ཆེད། ཉེ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་གཏན་འབེབས་པར་འགྲེམ་བྱས།

བསམ་འཆར་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བརྗོད་སྙིང་གཙོ་བོར་སྐུལ་འདེད་བཏང་ནས། རྟོག་དཔྱོད་ཞིབ་འཇུག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དེ་འགན་འཁྲི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཏེ། རྟོག་ཞིབ་གྲུབ་འབྲས་ཀྱི་སྤོ་སྒྱུར་བཀོལ་སྤྱོད་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། བྱ་སྤྱོད་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་རྩ་གནད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ལུགས་འགལ་གྱིས་རྒྱས་བཟའ་རྒྱས་འཐུང་བྱེད་པའི་གཏན་འགོག་དོན་ཚན་བཅུ་བཅས་ལག་བསྟར་ནན་མོ་བྱས་ནས། རྟོག་ཞིབ་བྱ་འགུལ་དེ་གྲོན་ཆུང་དང་དངོས་གཉེར། ཕན་ནུས་ལྡན་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ལས་རིམ་ཚད་ལྡན་དུ་གཏོང་བའི་ཐད་ནས་བསམ་འཆར་ལས་བསྟན་དོན། ལོ་རེའི་ལོ་མགོར། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བྱ་བའི་གཙོ་གནད། ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་བཅས་གཞིར་བཟུང་སྟེ། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རྟོག་ཞིབ་ནང་དོན་གདམ་གསེས་གཏན་འཁེལ་བྱེད་དགོས། རྟོག་ཞིབ་ཀྱི་ནང་དོན་གདམ་གསེས་བྱེད་པའི་འགན་འཁྲི་སྡེ་ཁག་གིས་སེམས་ཞིབ་མོས་རྟོག་ཞིབ་གྲ་སྒྲིག་གང་ལེགས་བྱེད་པ་དང་། རྟོག་ཞིབ་ས་ཁུལ་བཀོད་སྒྲིག་བྱེད་སྐབས་དཔེ་སྟོན་ཉམས་མྱོང་ལྡན་པའི་ས་ཁུལ་དང་ལས་ཁུངས། ལས་གཞི། རང་བྱུང་ཆ་རྐྱེན་ཞན་པ། བྱ་བའི་རྨང་གཞི་ཞན་པ། གནས་ཚུལ་རྙོག་འཛིང་དང་དཀའ་ཁག་ཆེ་བ། མང་ཚོགས་ལ་བསམ་འཆར་ཅུང་མང་བའི་གནད་དོན་ལ་བསམ་བློ་གཏོང་དགོས་ལ། རྟོག་ཞིབ་ལག་བསྟར་ཚན་ཆུང་གི་ཚན་གཙོའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་དང་། རྟོག་ཞིབ་ཚན་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་གཞན་པའི་ཨུ་ཡོན་གཙོ་བྱས་ཏེ། དོན་དངོས་དགོས་མཁོ་གཞིར་བཟུང་ནས་ཆེད་མཁས་པ་བསྡུ་ལེན་བྱས་ཆོག འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་བར་དང་རིམ་པ་སོ་སོའི་བར་མཐུན་སྦྱོར་སྒོས་རྟོག་ཞིབ་བྱེད་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་རྟོག་ཞིབ་བྱེད་པ། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་ཀྱི་སྲིད་གྲོས་བར་མཐུན་སྦྱོར་བྱས་ནས་རྟོག་ཞིབ་བྱེད་དགོས། གུང་ཁྲན་ཏང་ཡོན་གྱི་ཁ་གྲངས་གསུམ་ཅན་ཡན་དང་རྟོག་ཞིབ་དུས་ཚོད་ཉིན་ལྔ་ལས་བརྒལ་བའི་རྟོག་ཞིབ་ཚན་ཆུང་གིས་ཀྲུང་གུང་གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་དགོས་པ་དང་། རྟོག་ཞིབ་མཇུག་སྒྲིལ་བ་དང་བསྟུན་ནས་བྱ་བ་མཇུག་རྫོགས་པ་ཡིན། ཡུལ་དངོས་ཀྱི་རྟོག་ཞིབ་དེ་རིམ་པ་མང་བ་དང་ཕྱོགས་མང་བ། ཐབས་ལམ་མང་བོའི་སྒོ་ནས་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་དང་དམངས་ཀྱི་འདོད་བློ་ཉམས་སུ་མྱོང་བ། ཐོག་མའི་རྒྱུ་ཆ་ཁོང་དུ་ཆུད་པ་བཅས་བྱེད་དགོས། རྟོག་ཞིབ་བྱེད་ཐབས་ལ་བཞུགས་མོལ་ཚོགས་འདུ་དང་ཡུལ་དངོས་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་ཆོག དེའི་ཞོར་དུ་གཞི་གྲངས་ཆེན་མོ་དང་མཉམ་འབྲེལ་དྲ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རྟོག་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། ཡུལ་དངོས་རྟོག་ཞིབ་མཇུག་བསྒྲིལ་རྗེས། དུས་ལྟར་རྟོག་ཞིབ་ཚན་ཆུང་ནང་ཁུལ་གྱི་གྲོས་བསྡུར་ཚོགས་འདུ་སྤེལ་དགོས་པའི་རེ་བ་བཏོན།

གྲུབ་འབྲས་སྤོ་སྒྱུར་ལ་དམིགས་ནས་བསམ་འཆར་ལས་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་འབྲི་དགོས་པ་དང་། སྤྱིར་བཏང་དུ་རྟོག་ཞིབ་མཇུག་སྒྲིལ་རྗེས་ཀྱི་བྱ་བའི་ཉིན་མོ་བཅུའི་ནང་རྟོག་ཞིབ་སྙན་ཞུ་ཡོངས་འགྲུབ་བྱེད་དགོས་ལ། རྟོག་ཞིབ་སྙན་ཞུ་དེ་དོན་དངོས་ཡང་དག་ཡིན་པ་དང་གཙོ་གནད་འབུར་དུ་ཐོན་པ། རིག་ལམ་གསལ་བོ་ཡིན་པ། རྒྱས་བརྗོད་གཟབ་ནན་ཡིན་པ། ཡིག་འབྲུ་གནད་ལ་འཁེལ་དགོས་པར་མ་ཟད། སྤྱིར་བཏང་དུ་ཡིག་འབྲུ་སྟོང་ལྔ་ལས་བརྒལ་མི་རུང་། རྟོག་ཞིབ་མཇུག་འབྲས་ཀྱི་མཚོན་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། རྟོག་ཞིབ་དང་སྲིད་གྲོས་ཀྱི་ལས་འགན་ལག་བསྟར་གྱི་བྱེད་ཐབས་མང་བོ་ཟུང་འབྲེལ་བྱེད་པ་དང་། རྟོག་ཞིབ་རྒྱུ་ཆའི་ལེགས་སྒྲིག་དང་མཉམ་སྤྱོད་ལ་ཤུགས་སྣོན་བྱས་ཏེ། རྟོག་ཞིབ་ཚན་ཆུང་གི་ཨུ་ཡོན་འཐུས་མི་མཚམས་སྦྱོར་བྱས་ཏེ་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་དང་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས། དེ་མིན་བཞུགས་མོལ་ཚོགས་འདུ་གཞན་པའི་སྟེང་གཏམ་བཤད་སྤེལ་དུ་བཅུག་ཆོག རྟོག་ཞིབ་གྲུབ་འབྲས་སྤོ་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དུས་ཐོག་རྗེས་འདེད་དང་འབྲེལ་ཡོད་སྡེ་ཁག་གི་རྟོག་ཞིབ་གྲུབ་འབྲས་དང་ལེན་བྱས་པའི་གནས་ཚུལ་འཚོལ་སྡུད་བྱེད་པ། རྟོག་ཞིབ་གྲུབ་འབྲས་དེ་བྱེ་བྲག་ཏུ་ཁྱད་སྟོབས་དར་སྤེལ་དང་མི་འདང་ས་ཁ་གསབ། ཉམ་ཞན་གྱི་ལས་རིམ་ལ་ཤུགས་སྣོན་པ་བཅས་ཀྱི་སྲིད་ཇུས་བྱེད་ཐབས་སུ་འགྱུར་བར་སྐུལ་མ་བཏང་སྟེ། རྟོག་ཞིབ་གྲུབ་འབྲས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་དགོས་པར་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།