ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ11པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གིས་ད་ལོའི་ཟླ་བཞི་པའི་ནང་ཀྲུང་གོར་རྒྱལ་ཁའི་ངང་འཚམས་འདྲི་གནང་བ་ནས་བཟུང་། ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་བྱེད་ཚད་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་དབང་གིས། དེ་བསྟུན་གྱི་གྲུབ་འབྲས་མི་ཉུང་བ་ཐོབ་ཡོད། 2024ལོར་ང་ཚོས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས། སྲོལ་རྒྱུན་མཛའ་འབྲེལ་མུ་མཐུད་གནས་པར་བྱེད་རྒྱུ་དང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིའི་བར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་མཐོ་རིམ་མི་གཞུང་རིག་གནས་བརྗེ་རེས་ལམ་སྲོལ་གྱི་ཚོགས་འདུ་གསར་པ་བཟང་བོར་བསྡུས་ནས། སློབ་གསོ་དང་རིག་གནས། ཚན་རིག་ཞིབ་འཇུག་སོགས་ཀྱི་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་འདོད་ཡོད།  ཧྥ་རན་སི་ཕྱོགས་ཀྱིས “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པའི་ཁྲོད་འབད་པས་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཧྥ་རན་སིའི་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་བྱེད་ཀྱིན་ཡོད། ཧྥ་རན་སིའི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོ་རུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སི་རུ་ཡོང་ནས་མ་དངུལ་གཏོང་བར་དྲང་གཞག་དང་མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་ལྟོས་ཆེ། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅིང་། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན་པ་དང་། མིག་སྔའི་ཟང་ཟིང་ཅན་དུ་འགྱུར་བཞིན་པའི་འཛམ་གླིང་འདི་ལ་དམ་པོར་དམིགས་ནས། ཀྲུང་གོ་དང་ཡོ་རོབ་གཉིས་ཀས་ཕན་ཚུན་བར་གཉིས་ཕན་མཉམ་ལས་ཀྱི་ཟླ་གྲོགས་བཟང་བོ་བྱེད་འོས་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པའི་རེ་ལྟོས་ཆེ་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་བར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་ཡོད། མི་འགྱངས་པར་ཏིས་པའེ་རུ་བསྡུ་རྒྱུ་ཡིན་པའི། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་སྟེང་དུ། 《ཕ་རི་སིའི་གྲོས་མཐུན》ལ་རྩིས་བཤེར་ཐོག་མ་བྱས་ནས། དཔྱད་འཇོག་ལག་བསྟར་འཕེལ་རིམ་ལ་ཕྱོགས་སྡོམ་དང་འབྱུང་འགྱུར་གྱི་འཛམ་གླིང་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་འཕེལ་རིམ་ལ་ཁྲིད་སྟོན་བྱ་རྒྱུ་རེད། 《ཕ་རི་སིའི་གྲོས་མཐུན》ལམ་ལུགས་ཀྱི་སྒྲོམ་གཞིར་སྲུང་སྐྱོབ་བྱེད་འོས་པ་དང་། ཁྱད་པར་དུ་ཐུན་མོང་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་དང་རྒྱལ་ཁབ་ཀྱིས་བྱས་རྗེས་འཇོག་པའི་རང་བདག་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། ཕྱི་ཕྱོགས་ལ་ཀྲུང་གོ་དང་ཧྥ་རན་སིས་མཉམ་དུ་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བཞིན་ཡོད་པའི་བརྡ་རྟགས་གསལ་བོ་བསྟན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཏིས་པའེ་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

མཱ་ཁི་ལུང་གིས་ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏིས་པའེ་ཚོགས་ཆེན་བསྡུ་བའི་ངོས་ནས་འབྲེལ་གཏུག་དམ་ཟབ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་མུ་མཐུད་མཉམ་ལས་བྱས་ཏེ་ཁ་གཏད་འཇལ་རྒྱུའི་རེ་ལྟོས་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

བན་དེ་སྐྱབས་ཀྱིས་བསྒྱུར།