ཟླ12པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཟླ12པའི་ཚེས18ཉིན་གྱི་ས་ཡོམ་གནོད་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་ཀང་དང་། ཧྲིན་ཀྲང་། ཞིང་ཆེན་ཟླ12ཚེས18ཉིན་གྱི་ས་ཡོམ་གནོད་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་གནོད་འགོག་རྒུད་སྐྱོབ་བྱ་བར་ཡུལ་དངོས་ནས་བཀོད་འདོམས་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་ཐེབས་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་དེ་མཉམ་དུ་དཀའ་གནད་ཐག་གཅོད་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་བ་དང་། ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་མཚོ་སྔོན་དུ་གནོད་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱེད་སྐབས་བཏོན་པའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། དུས་ནམ་ཡང་མང་ཚོགས་དང་ཕྱོགས་གཅིག་ཏུ་ལངས་པ་དང་ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ། མཉམ་དུ་བྱ་བ་སྒྲུབ་པ་བཅས་བྱས་ཏེ། ཁང་བར་གཏོར་བརླག་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། དྲོད་འདོན་མཁོ་འདོན་ལ་འགན་སྲུང་བྱེད་པ་དང་འཚམས་འདྲི་དང་སེམས་གསོ་བྱེད་པ་སོགས་ཀྱི་བྱ་བར་ཤུགས་བསྣན་ནས། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་དྲོད་ཁོལ་གྱི་དགུན་ཁ་ཞིག་རོལ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཉིན་དེར། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་མིན་ཧོ་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཚོ་ཐན་སྡེ་བ་དང་ཀོན་ཐིན་གྲོང་རྡལ་ལ་གྱ་སྡེ་བ། སྟོང་ཧྥུའུ750ཅན་གྱི་ཀོན་ཐིན་གློག་སྒྱུར་ས་ཚུགས། མིན་ཧོ་རྫོང་མི་དམངས་སྨན་ཁང་བཅས་ལ་སོང་ནས། འཚོལ་སྐྱོབ་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། མང་ཚོགས་ཀྱི་རེ་བར་རྒྱུས་ལོན་བྱས་ལ། གློག་ཤུགས་མྱུར་བཅོས་དང་མཁོ་འདོན་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། རྨས་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། རོགས་སྐྱོབ་ལ་ཞུགས་པའི་མེ་གསོད་མེ་འགོག་ཉེན་སེལ་བཀོད་འཐབ་པ་དང་མི་དམངས་བཅིངས་འགྲོལ་དམག སྨན་བཅོས་མི་སྣ་སོགས་ལ་བཀའ་དྲིན་ཞུས་པ་དང་། གནོད་ཐེབས་མང་ཚོགས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་རོགས་རམ་བྱས་ནས། མཉམ་དུ་མིག་སྔའི་དཀའ་ཁག་ཐག་གཅོད་རྒྱུའི་སྐུལ་མ་བཏང་། ཁོ་ཚོས་ནན་གྱིས་བསྟན་དོན། བཀོད་གཏོང་བཀོད་འདོམས་ལ་ཤུགས་སྣོན་པ་དང་། མི་སྣའི་སྟོབས་ཤུགས་དང་མྱུར་སྐྱོབ་སྒྲིག་ཆས་གཅིག་འདོམས་ཀྱིས་སྒྲིག་སྦྱོར་བྱེད་པ། རོགས་སྐྱོབ་མི་སྣས་རང་གི་བདེ་འཇགས་འགན་སྲུང་ལ་དོ་སྣང་བྱེད་པ། རོགས་སྐྱོབ་མི་སྣའི་བཟའ་བཏུང་དང་སྡོད་སའི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་བ་མྱུར་དུ་སྤེལ་དགོས། དེ་དང་མཉམ་དུ། འཚོལ་སྐྱོབ་ཡུལ་དངོས་ཀྱི་བྱེ་འདམ་གཙང་དག་བཟང་བོ་བྱས་ནས། ཁོར་ཡུག་བཙོག་བཟོ་དང་བདེ་འཇགས་ཉེན་ཁ་གསར་བ་འབྱུང་བར་བཀག་འགོག་བྱེད་དགོས། རང་འགུལ་གྱིས་རོགས་སྐྱོབ་བྱེད་ཤུགས་ཆེར་བསྐྱེད་པ་དང་། འཚམས་འདྲི་དང་རྒྱུས་ལོན་ལ་ཤུགས་སྣོན་པ། གནོད་ཐེབས་མང་ཚོགས་ཀྱི་ཡོམ་འགོག་གནོད་སྐྱོབ་བྱ་བའི་ཐད་ཀྱི་གྲོས་གཞི་དང་བསམ་ཚུལ་ལ་ཉན་པ། གནས་སྐབས་བཀོད་སྒྲིག་བྱེད་གནས་ཀྱི་ལོ་ལོན་དང་བྱིས་པ། ནད་པ། སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་ལ་དམིགས་བསལ་གཟིགས་སྐྱོང་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་དགོས། ཁང་བར་གཏོར་བརླག་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་གསལ་འབྱེད་བྱས་ནས། གནོད་ཐེབས་གནས་ཚུལ་ལ་ངོས་འཛིན་དང་ཉེན་ཁ་གྲལ་བཤེར། ཞིག་གསོ་སྲ་སྒྱུར་སོགས་བྱ་བ་གཅིག་འདོམས་ཀྱིས་བཟང་བོར་སྒྲུབ་དགོས། གཏོར་བརླག་ཐེབས་པའི་གློག་ཤུགས་དང་འཕྲིན་གཏོང་། འགྲིམ་འགྲུལ། དྲོད་འདོན་སོགས་རྨང་གཞི་སྒྲིག་ཆས་མྱུར་བཅོས་ཞིག་གསོ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ལ་འགན་སྲུང་བྱེད་དགོས། རྨས་ཕོག་པའི་མང་ཚོགས་ལ་་སྐྱོབ་བཅོས་དང་ལྟ་སྐྱོང་བྱེད་པ་དང་། སེམས་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། གནོད་ཐེབས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
ཉིན་དེའི་དགོང་མོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མངག་བཅོལ་ལྟར། ཝུའུ་ཞའོ་ཅུན་གྱིས་མིན་ཧོ་རྫོང་ཀྲུང་ཁྲོན་ཡུལ་ཚོ་མི་དམངས་སྲིད་གཞུང་དུ་བསྡུས་པའི་ཞིང་ཆེན་ཟླ12པའི་ཚེས18ཉིན་གྱི་ས་ཡོམ་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། བྱ་བའི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་རྒུད་སྐྱོབ་བྱ་བ་སྤེལ་བའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་གྲོས་གཞི་ལ་ཉན་པ་དང་། གར་སོང་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱེད་པ་དང་སྨན་བཅོས་སྲོག་སྐྱོབ། འཕྲོད་བསྟེན་རིམས་འགོག མང་ཚོགས་བཀོད་སྒྲིག རྨང་གཞི་སྒྲིག་ཆས་གྲལ་བཤེར་ཞིག་གསོ གནོད་ཐེབས་གནས་ཚུལ་ཞིབ་དཔྱད། བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ། དྲིལ་སྒྲོག་སྣེ་ཁྲིད། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སོགས་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན་བཅས་སོ་སོར་གོང་གི་བྱེད་སྒོར་ཞུགས།
རིན་ཆེན་མཚོས་བསྒྱུར།