ཅི་ཧྲི་ཧྲན་དུ་ཚད་རིམ6.2ཀྱི་ས་ཡོམ་བྱུང་རྗེས། རང་ཞིང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། ནུས་ཤུགས་ཡོད་རྒུས་ཡོམ་འགོག་རྒུད་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ལེགས་པོར་སྒྲུབ་པ་དང་མཉམ་དུ། གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་ཕུལ་ནས། ཡོམ་འགོག་གནོད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་དྲང་ནུས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོགས་མགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་ནས་ཞལ་འདེབས་ཕུལ།
ས་ཡོམ་གྱི་གནོད་འཚེ་ལ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོའི་རྒྱ་ཆེའི་ལས་བྱེད་པས་ཧུར་ཐག་གིས་བྱེད་ཐབས་སྤྱད་ནས། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ཀྱིས་དེ་ལ་རོགས་རམ་བྱེད་པའི་སྲོལ་རྒྱུན་ཀུན་སྤྱོད་དར་སྤེལ་གང་ལེགས་བཏང་སྟེ། གཏོང་ཕོད་ཆེན་པོས། རང་འགུལ་གྱིས་སྒོར་མོ་དང་དངོས་ཟོག་གི་ཞལ་འདེབས་ཕུལ་བར་མ་ཟད། བྱ་སྤྱོད་དངོས་ཀྱི་སྟེང་ནས་གནོད་ཐེབས་མང་ཚོགས་དཀའ་ཁག་ལས་སྒྲོལ་རོགས་བྱས། མིག་སྔར། ཞལ་འདེབས་འབུལ་བའི་བྱ་འགུལ་ད་དུང་སྤེལ་བཞིན་པའི་སྒང་རེད།
རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པས་གཅིག་གྱུར་གྱིས་བསྟན་དོན། གློ་བུར་དུ་བྱུང་བའི་ས་ཡོམ་གནོད་འཚེ་ལ་གདོང་གཏོད་ན། ཡོམ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་ཏེ། རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས། གནོད་ཐེབས་ཁུལ་དུ་ཡོམ་འགོག་གནོད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། གནོད་ཐེབས་མང་ཚོགས་དང་མཉམ་དུ་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པར་འདོད་ལ། ཏང་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་རྒྱབ་སྐྱོར་འོག གནོད་ཐེབས་མང་ཚོགས་ཀྱིས་དཀའ་སྡུག་གི་འགག་སྒོ་བརྒལ་ཐུབ་ངེས་ཡིན་ལ། མཛེས་པའི་ཁྱིམ་གཞིས་ཀྱང་བསྐྱར་བསྐྲུན་བྱེད་ཐུབ་པར་ཡིད་ཆེས་བྱས་ཆོག་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།