ཟླ་དང་པོའི་ཚེས4ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་བརྒྱུད་རིམ་ལ་ཕྱིར་བལྟ་བྱས་ཤིང་། བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་མངོན་གསལ་ཁྲིད་ཕྱོགས་ལ་བརྟེན་ནས། ལས་འགན་བཀོད་སྒྲིག་དང་བྱེད་ཐབས་ཇེ་བཟང་དུ་བཏང་བ་དང་། ཚད་གཞི་མཐོ་ཞིང་ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་འདས་པའི་ལོ་གསུམ་རིང་གི་རང་ཞིང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་མི་རིགས་བྱ་བའི་ཞིང་ཆེན་ཆེན་པོ་ཡིན་པ་དང་། ཞིན་ཅང་དང་བོད་ལྗོངས་གཏན་འཇགས་སུ་གཏོང་བའི་འཐབ་ཇུས་ས་ཆ་གཙོ་བོ་ཡིན་པས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ནས། ང་ཚོར་འགན་འཁྲི་དང་རྨང་གཞི། ཆ་རྐྱེན་ཡོད་པ་དང་། དེ་མཐོ་ས་གསར་སྐྲུན་དང་ས་བཞི་འཛུགས་སྐྲུན་བྱེད་པར་འབྲེལ་བ་ཡོད་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ལ་འབྲེལ་བ་ཡོད། ད་ལོ་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། འཛུགས་སྐྲུན་གྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། སྔོན་སྐྱོད་སྣེ་ཁྲིད་བྱེད་པའི་སྟེང་ཉམས་མྱོང་བསྡུ་ལེན་བྱེད་པ་དང་ཚད་ཤིང་འཛུགས་པ། འཆམ་མཐུན་གཏན་འཇགས་ཐད་ནས་ཚད་མཐའ་བརྟན་སྲུང་བྱེད་པའི་འགོག་མཚམས་བརྟན་པོ་འཛུགས་པ། མཉམ་བསྲེས་འཕེལ་རྒྱས་ཐད་ནས་གསར་གཏོད་དང་འགག་སྒྲོལ་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུའི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱེད་པ། ལས་སྒོ་བྱ་བ་དང་ལས་རིགས་ཀྱི་ཁྱད་ཆོས། ས་གནས་ཀྱི་གནས་ཚུལ་དངོས་དང་མི་རིགས་བྱ་བ་བཅས་མཉམ་བསྲེས་བྱེད་པ་དང་ཕན་ཚུན་སྐུལ་སྤེལ་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱེད་དགོས། བྱ་བའི་གཙོ་ཐིག་གཙིགས་སུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀུན་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པ་དང་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་སྟེགས་བུའི་འདྲེན་བྱེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་རིགས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། མཐུན་སྒྲིལ་གཞིས་ཁུལ་གྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྟེང་ནས་དཔེ་མཚོན་བྱེད་པ། གནས་ཚུལ་དངོས་ལ་རྐང་བཙུགས་ནས་ཕན་ལྡན་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལམ་བུ་གྲུབ་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ངོས་ལེན་ལྔ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། ཞན་ཆ་ཁ་གསབ་བྱེད་པ་དང་། དཀའ་ངལ་ཁྱད་སེལ་བྱེད་པ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བར་གོ་བ་ཡང་དག་ལེན་པ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། གནད་འགག་གི་དུས་རིམ་དམ་འཛིན་བྱེད་པ་དང་། འགན་འཁྲི་གཏན་ཁེལ་བྱེད་པ་དང་བཀོད་གཏོང་ལ་ཤུགས་སྣོན་པ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དཔུང་སྡེ་འཛུགས་སྐྲུན་བྱེད་པ། རྩ་འཛུགས་ཀྱི་འགན་སྲུང་བཟང་བོར་བསྒྲུབ་པ། འཛུགས་སྐྲུན་ལས་འགན་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། དུས་བཀག་ལྟར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལངས་གནས་མཐོར་འདེགས་བཏང་ནས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། འཛུགས་སྐྲུན་བྱ་བའི་གལ་ཆེན་རང་བཞིན་དང་དཀའ་ཚེགས་རང་བཞིན། བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་སྣ་ཚོགས་ལ་དམ་དུ་དམིགས་ཏེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། གཙོ་གནད་འབུར་དུ་ཐོན་པར་བྱས་ནས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཔེ་སྟོན་དང་སྣེ་ཁྲིད་ལ་ཤུགས་སྣོན་པ། ཞན་ཆ་ཕྱོགས་ཡོངས་ནས་ཁ་གསབ་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། སེམས་ཤུགས་གཅིག་ཏུ་བསྡུས་ནས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ཏང་གི་འགོ་ཁྲིད་མི་རིགས་བྱ་བའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། རང་འགན་རང་འཁུར་དང་ཕན་ཚུན་གཞོགས་འདེགས་བྱེད་པ་དང་། མཉམ་དུ་འབད་འཐབ་བྱེད་པ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་དུས་རིམ་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་ལ་རྒྱུགས་ལན་བཟང་བོ་ཞིག་སྤྲོད་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་སློབ་གསོ་ཐིན་དང་ཟི་ལིང་གྲོང་ཁྱེར། ཐེམ་ཆེན་རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།
ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ལ། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན་དང་ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།
རིན་ཆེན་མཚོས་བསྒྱུར།