ཟླ1པའི་ཚེས5ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཚད་གཞིའི་རེའུ་མིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བརྗོད་དོན་སློབ་གསོ་ལས་བྱུང་བའི་ཡིད་ཆེས་དང་སྟོབས་ཤུགས་དེ་དྲིན་ཚོར་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི2022ལོའི་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་འཚོལ་སྟོན་དང་དག་ཐེར་དོན་འཁྱོལ་བྱས་ཚུལ་ཁྱབ་སྒྲོག་བྱས། ཐུན་རིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིས་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ལྟ་སྡུར་ཞིབ་བཤེར་བྱས་པ་དང་། ཚན་ཁག་གི་ཁོངས་མིས་རེ་རེ་བཞིན་ལྟ་སྡུར་ཞིབ་བཤེར་དང་རང་སྐྱོན་རང་བརྗོད་བྱས་ནས་ཕན་ཚུན་ལ་སྐྱོན་བརྗོད་དང་བསམ་འཆར་འདོན་རེས་བྱས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བརྒྱད་པའི་ཚན་གཙོས་དཔྱད་འཇོག་གཏམ་བཤད་སྤེལ།
ཁྲིན་ཀང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས་བསྟན་དོན། ད་ཐེངས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཏན་ཏིག་དང་། གནད་དོན་འཚོལ་བཤེར་གཏིང་ཟབ། ཕན་ཚུན་ལ་ལྷག་བསམ་ཟོལ་མེད་ཀྱིས་སྐྱོན་བརྗོད་བྱེད་པ། དག་ཐེར་བྱེད་ཐབས་ནུས་ལྡན་བཅས་ཡིན་པ་དང་། ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་ཐོག་ནས་ཚད་གཞི་ནན་མོ་དང་བླང་བྱ་དྲང་བོ། སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗོད་དོན་སློབ་གསོའི་བསམ་བློའི་གྲུབ་འབྲས་མཚོན་པར་བྱས་པ་དང་། སྤུས་ཚད་མཐོ་ལ་ཕན་འབྲས་བཟང་པོ་ཐོན་པར་མུ་མཐུད་ཤུགས་བསྣན་ལ། གནད་དོན་དག་ཐེར་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་མཇུག་མཐའི་བྱ་བ་ལེགས་པོ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་ཟེར།
ཁྲིན་ཀང་གིས་བསྟན་དོན། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུ་ནི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན། འཕེལ་ཕྱོགས་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ་བསྒྲུབ་དགོས་པའི་བྱ་བ་རྣམས་སྔར་བཞིན་བསྒྲུབ་དགོས་པ་དང་། འགན་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་ཁུར་དུ་ལེན་དགོས་ཤིང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་བྱ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཞིབ་ཕྲ་དང་དོན་དངོས། བྱེ་བྲག་བཅས་སུ་བཏང་ནས་མཚོ་སྔོན་གྱི་བྱ་བར་མཛུབ་ཁྲིད་བྱེད་དགོས། རང་ཉིད་ཀྱི་ལས་དོན་དེ་བླང་བྱ་གལ་ཆེན་དང་འཚམ་མིན་ལ་བསམ་གཞིགས་ཡང་ཡང་བྱས་ནས“ཆེ་ཁྲོད་ཆུང་མཐོང”དང་“ཆུང་ཁྲོད་ཆེ་མཐོང”བྱས་ཏེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་མཐར་ཕྱིན་ཡོང་བར་འགན་ལེན་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཇུས་ཆོད་ལ་ཞིབ་འཇུག་བྱེད་སྐབས་དམངས་གཙོ་དར་སྤེལ་གཏོང་རྒྱུར་དོ་སྣང་དང་། གཅིག་སྡུད་ཡང་དག་བྱེད་མཁས་པོ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་རྒྱ་ཁྱབ་ཏུ་ཉན་དགོས་ལ། རང་འགུལ་ངང་བྱས་རྗེས་འཇོག་ཏུ་འཇུག་པ་དང་ཐབས་ཇུས་དོན་འཁྱོལ་དམ་འཛིན་བྱས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་དང་འགལ་བའི་ནོར་འཁྲུལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་སྤང་གང་ཐུབ་བྱེད་པ། འགན་ཁུར་དུ་མི་ལན་པའི་བསམ་བློ་དང་གོང་རིམ་ཁོ་ནར་ངོ་གཡོག་བྱེད་པའི་སྤྱོད་ཚུལ་སྤང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “མངོན་གསལ་གྲུབ་འབྲས”ལ་མཐོང་ཆེན་དང“མངོན་མེད་གྲུབ་འབྲས”ལ་མཐོང་ཆུང་།“ཕྱི་ཚུལ་རིང་ལུགས”ལ་མཐོང་ཆེན།“བྱ་བ”ལ་སྣང་ཆུང་བྱེད་པའི་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། དམངས་ངལ་རྒྱུ་ཟད་ཀྱི་ལས་ཕྱེད་ཙམ་དང་གཟུགས་བརྙན་ལས་གྲྭ། སྲིད་དོན་བྱས་རྗེས་ལས་གྲྭ་བཅས་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་བརྟན་པོར་འཁུར་བ་དང་དུས་རྟག་ཏུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ། ལས་བྱེད་པར་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་བ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་གཟབ་ནན་དུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ད་ལོའི་ལས་དོན་ཁག་ཡག་པོར་སྒྲུབ་ནས་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་པོ་གཞི་རིམ་དུ་བསྐྱོད་པ་དང་། དོན་འཁྱོལ་དམ་འཛིན། བྱ་བ་དངོས་སྒྲུབ་པ་བཅས་ཀྱི་ཐད་སྤྱོད་དགོས་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་སེམས་ཁུར། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་མིག་སྔའི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱས་ནས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བྱ་སྤྱོད་དོན་འཁྱོལ་བྱེད་དགོས།
ཚོགས་འདུ་མ་འཚོགས་གོང་ཁྲིན་ཀང་གིས་གྲོང་གསེབ་དར་སྤེལ་མཉམ་འབྲེལ་ས་ཚིགས་ཀྱི་གྲོང་ཚོ་སྟེ་ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོ་རི་ཞོལ་མ་སྡེ་བར་བསྐྱོད་དེ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་གྱི་བྱ་བར་རྒྱུས་ལོན་བྱས་པར་མ་ཟད། རྨ་ལྷོ་ཁུལ་གྱི་ཅི་ཧྲི་ཧྲན་གྱི་རིམ་པ6.2ཀྱི་ས་ཡོམ་ལས་བཟོས་པའི་གྱོང་གུན་དང་། མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན།