ཟླ1ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་ཞིང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་བསྡུ་རྒྱུའི་ཐག་བཅད།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་། འཛམ་གླིང་གི་ལོ་བརྒྱའི་རིང་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་དུ་འགྲེང་ནས། རང་རེའི་ཏང་གིས་ཅིའི་ཕྱིར་རང་ངོས་གསར་བརྗེ་བྱེད་པ་དང་ཅིའི་ཕྱིར་རང་ངོས་གསར་བརྗེ་བྱེད་ཐུབ་པ། ཇི་ལྟར་རང་ངོས་གསར་བརྗེ་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་པ་དང་། དེ་ནི་དུས་རབས་གསར་བའི་སྐྱོད་ལམ་གསར་བར་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་རྩ་བའི་བསྲུང་བྱ་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱེད་པ་དང་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ། ཡིག་འབྲུ་རེ་རེ་དང་དུམ་མཚམས་རེ་རེར་གོ་བ་ཟབ་མོ་ལེན་པ། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། རང་རྟོགས་སྒོས་གཞུང་ལུགས་སྟེང་གི་རིག་པ་གསལ་བོར་བརྟེན་ནས་ཆབ་སྲིད་སྟེང་གི་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ཏང་གི་རང་ངོས་གསར་བརྗེ་མཐའ་འཁྱོལ་བ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་གསར་བ་དང་སྒུལ་ཕྱོགས་གསར་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རུལ་སུངས་གནད་དོན་ཐད་ནས་བྱུང་བའི་ས་ཞིང་དང་ཆ་རྐྱེན་ལ་ངོས་འཛིན་གསལ་བོ་བྱེད་པ། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གྱི་གྱོད་དཔེས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་སྤྱོད་ཚུལ་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། རྩ་འཛུགས་སྟོབས་ལྡན་དང་དཔུང་སྡེ་བཟང་བོ་འཛུགས་སྐྲུན་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཡོད་པ་བདུན་གྱི་གནད་དོན་གཙིགས་སུ་འཛིན་པ། དངུལ་རྩ་དང་རྒྱལ་ཁབ་ཀྱི་ཁེ་ལས། ནུས་ཁུངས། སྨན་བཅོས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་ལ་བཅོས་སྐྱོང་ཟབ་མོ་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་དངོས་ཀྱིས་མང་ཚོགས་ཀྱི་ཁས་ལེན་དང་ཡིད་རྟོན་བརྩོན་ལེན་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་ཧྲིལ་བོར་གྲོས་ཚོགས་བསྡུས་ནས། ཆེད་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་ནས། ང་ཚོར་མིག་དཔེ་དང་དཔེ་སྟོན་བྱས། ན་ནིང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེབས་བཞི་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ནས་འགན་སྒྲུབ་ནན་མོ་བྱས་ལ། རང་ངོས་འཛུགས་སྐྲུན་ལ་རྒྱུན་མ་ཆད་པར་ཤུགས་བསྣན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལས་ཁུངས་ལྔའི་ཏང་ཙུའུ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་བྱེད་པའི་ས་ཚུགས་དང་པོ་ལྟ་བུ་ཡིན་པས། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། འགན་འཁྲི་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། ཁ་ཕྱོགས་དམ་འཛིན་དང་སྤྱི་ཡོངས་ལ་དོ་དམ་བྱེད་པ། ལག་བསྟར་ལ་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་གསལ་བོ་དང་ལག་བསྟར་ནན་མོ་བྱེད་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ཚན་ཁག་གི་དོན་གྲོས་ཐབས་ཇུས་ཀྱི་སྤྱོད་ཚུལ་ཚད་ལྡན་དུ་བསྒྱུར་བ་དང་ལྟ་སྐུལ་བྱེད་པ། འགན་འཁྲིར་ཟུང་འབྲེལ་བྱས་ནས་བྱ་བའི་ཁྲོད་ཀྱི་སྤྱི་ཡོངས་རང་བཞིན་དང་མདུན་ལྟ་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་ཐག་གཅོད་པ། ལག་བསྟར་དམ་འཛིན་བྱེད་པ་བཞིའི་རེ་བ་གལ་ཆེན་ལྟར། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བའི་གནས་ལུགས་གལ་ཆེན་དུ་བརྩི་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩི་བ། མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། རང་སྟེང་གི་གནས་ཐིག་གཏན་ཁེལ་ཡང་དག་འཚོལ་བ་དང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་གཙོ་གནད་བྱ་བ་བཟང་བོར་བསྒྲུབ་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། རང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པ། ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་ཁྲོད་ཞུགས་པ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་བྱ་བ་ཡོད་ཚད་བཟང་བོར་བསྒྲུབ་པའི་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བརྩི་བ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གཙིགས་སུ་བཟུང་ནས། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་དོ་མཉམ་ཅན་དང་ཁྱབ་ནུས་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཕྱོགས་ཡོངས་ནས་དོ་དམ་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། ཏང་རྩ་འཛུགས་འཛུགས་སྐྲུན་བཟང་བོ་བྱེད་པ་དང་དཔུང་སྡེ་སྐྱེད་སྲིང་བཟང་བོ་བྱེད་པ། ནུས་པ་བྱང་ཚད་མཐོར་འདེགས་གཏོང་དགོས། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏང་འཛུགས་དང་ལས་སྒོ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལྟར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁག་ཁུར་བྱེད་པ་དང་འཇོན་ཐང་དངོས་ལ་བརྟེན་ནས་བྱ་བ་ཡོངས་འགྲུབ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།