མཚོ་སྔོན་ཞིང་ཆེན་གྱི་མཁོ་འཚོང་མཉམ་ལས་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་དུ་བསྡུས།
2024.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་སྔོན་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་མཉམ་ལས་ཁང་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སུའུ་ཙིག་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྗེས་ཕྱོགས་ཀྱི་ལོ་ལྔ་ནང་གི་ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་དང་སྐབས་གསུམ་པའི་ལྟ་ཞིབ་ལྷན་ཚོགས་བདམས་ཐོན་བྱུང་། ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་སློབ་སྦྱོང་ནན་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བ་དང་མཁོ་འཚོང་མཉམ་ལས་ཁང་གི་བྱ་བའི་ཐད་ནས་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། བཅོས་བསྒྱུར་ཟབ་སྤེལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ལ། ལས་ཁུངས་འཐུས་ཚང་དུ་གཏོང་བ་དང་རྩ་འཛུགས་སྟོབས་ལྡན་དུ་བསྒྱུར་བ་དང་། མ་ལག་ལེགས་བསྒྱུར་བྱེད་པ་དང་རྩོལ་ནུས་ཇེ་དྲག་ཏུ་བཏང་བས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཡར་ཐོན་གསར་བ་བྱུང་ལ། འཕེལ་རྒྱས་གསར་བ་མངོན་འགྱུར་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བ། མཁོ་འཚོང་མཉམ་ལས་ཁང་གི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེབས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞིང་བར་ཞབས་འདེགས་ཞུ་བའི་དམིགས་འབེན་ཡིད་ལ་དམ་པོར་འཛིན་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱས་ནས། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཁག་ཁུར་གསར་བ་མངོན་པར་བྱེད་དགོས། ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བསྐྱོད་ལམ་གསར་བ་འབྱེད་དགོས། འགྲོ་རྒྱུག་ཞབས་ཞུའི་གཙོ་ལས་འཕེལ་རྒྱས་སུ་བཏང་ནས། ཞིང་བར་ཞབས་འདེགས་ཞུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་སྟེང་དགེ་མཚན་གསར་བ་ཡོད་པར་བྱེད་དགོས། མཉམ་ལས་ཁང་ལ་དབང་བའི་ཁེ་ལས་འཕེལ་རྒྱས་སུ་བཏང་སྟེ། མཉམ་ལས་ཁང་ལ་དབང་བའི་ཁེ་ལས་ཚོང་གཉེར་ཞབས་ཞུ་མ་ལག་གི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པའི་སྟེང་གྲུབ་འབྲས་གསར་བ་ལེན་དགོས། གཞི་རིམ་མཉམ་ལས་ཁང་རྩ་འཛུགས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་བཏང་ནས། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱིས་ཞིང་བར་ཞབས་འདེགས་ཞུ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། ལྗང་མདོག་སྐྱེ་ཁམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ། གྲོང་གསེབ་དར་སྤེལ་ཁྲོད་སྣང་བརྙན་གསར་བ་མངོན་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།