མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་ཟི་ལིང་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། མིག་སྔའི་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བཀོད་སྒྲིག་བྱས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལོ་མཇུག་སྐབས་སུ། རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་ཇེ་མང་དུ་སོང་ཡོད། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། བསླབ་བྱ་བསྡུ་ལེན་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་མྱུར་དུ་འགུལ་སྐྱོད་བྱས་ནས། བདེ་འཇགས་ཉེན་ཁ་འགོག་ཟོན་བྱ་བ་དམ་འཛིན་བྱེད་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མིག་སྔའི་རང་ཞིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་དང་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། སྟེས་དབང་གི་བསམ་བློ་དང་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་སེལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཆ་ཚང་བའི་འཕྲལ་བསྟུན་ཐག་གཅོད་ཇུས་གཞི་གཏན་འབེབས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བདེ་འཇགས་ཉེན་ཁར་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ། ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། ཡུལ་གནས་གཙོ་བོར་དམིགས་ནས། ཉེན་ཁ་འཚོལ་བ་དང་བྱེད་ཐབས་བཟང་བོ་སྤྱད་དེ་མཐའ་གཅིག་ཏུ་བཅོས་སྐྱོང་ནན་མོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོའི་འགན་འཁྲི་མི་སྣ་གཙོ་བོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། དམར་མཚམས་ཚད་མཐའ་བརྟན་སྲུང་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྲེང་འབྲེལ་བརྟན་པོ་འཛུགས་པ། བདེ་འཇགས་འགོག་ཟོན་གྱི་བྱེད་ཐབས་ཇེ་བཟང་དུ་གཏོང་བ། བྱ་བ་ལག་བསྟར་མ་བྱས་པ་དང་འགན་འཁྲི་གསལ་བོ་མ་བྱས་པར་དོན་རྐྱེན་བྱུང་བར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། དོན་རྐྱེན་ཆེན་པོ་འབྱུང་བར་འགོག་ཟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར་ལོ་སར་སྐྱེལ་འདྲེན་གྱི་གནད་འགག་དུས་སྐབས་དང་ནམ་ཟླ་འགྱུར་ལྡོག་ཆེ་བ། གནོད་འཚེ་འབྱུང་ཚད་མང་བ། དོན་རྐྱེན་འབྱུང་སླ་བའི་དུས་སྐབས་སུ་སླེབས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་མི་བཟང་བས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། མིག་སྔའི་རྙོག་འཛིང་ཛ་དྲག་གི་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ། ཉེན་ཁའི་འདུ་ཤེས་དང་ཚད་མཐའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། མེ་སྐྱོན་གྱི་ཉེན་ཁར་དམིགས་པ་དང་། སློབ་གྲྭ་དང་གསོ་སྦྱོང་ལས་ཁུངས་དང་ས་ཡོམ་གནོད་འཚེའི་རྗེས་ཀྱི་གཅིག་བསྡུས་བཀོད་སྒྲིག་ཡུལ་གནས། ཡུལ་གནས་ཆུང་བ་དགུ། སྣ་འཛོམས་ཚོང་ར་ཆེན་པོ། གཞིས་ཁུལ་རྙིང་བ། རྡོ་སྣུམ་རྫས་འགྱུར་ཁེ་ལས། ནགས་ཚལ་རྩྭ་ཐང་། རིག་དངོས་དང་གནའ་བོའི་བཟོ་བཀོད། ཚོང་གཉེར་རང་བཞིན་གྱི་རང་འཛུགས་ཁང་བ་སོགས་ཡུལ་གནས་གཙོ་བོར་གཙིགས་འཛིན་བྱས་ནས། ཉེན་ཁ་གྲལ་བཤེར་བཅོས་སྐྱོང་དམ་འཛིན་བྱེད་པ་དང་མེ་སྐྱོན་དོན་རྐྱེན་འབྱུང་བར་བཀག་འགོག་བྱེད་དགོས། ལུགས་རྙིང་ལོ་སར་གྱི་དམིགས་བསལ་དུས་ཚོད་ལ་རྐང་འཛུགས་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་སློབ་གསོ་དང་གཏེར་རི། སོལ་རླངས། གནས་སྐོར། བཟོ་ཚོང་། བགྲོད་ལམ་འགྲིམ་འགྲུལ། སྤྱི་ཐུན་བདེ་འཇགས། ཤོག་སྦག་སོགས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དམ་འཛིན་བྱས་ཏེ། ཉེན་ཁ་བཀག་འགོག་བྱེད་པ་དང་ཚད་མཐའ་བརྟན་སྲུང་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཇུས་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཐག་གཅོད་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ། ཁྲིམས་འཛིན་ཐད་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། རོགས་སྐྱོབ་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རིམ་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་བྱས།

ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཀྲི་ཝུན་དང་ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲན་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།