ཁྲིན་ཀང་ཟི་ལིང་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས།
2024.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཁོ་རང་ཡོད་སའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཟི་ལིང་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པ། ཞིང་ཆེན་གྱི་ཚོགས་ཆེན་གཉིས་བཅས་ཀྱི་བཀོད་སྒྲིག་ལྟར། མུ་མཐུད་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་བྱེད་པ། སྤྱོད་ཚུལ་བསྒྱུར་བ་དང་ལག་བསྟར་དམ་འཛིན་བྱས་ནས། ཞིང་ཆེན་ལྟེ་གནས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ཞིང་ཆེན་ལྟེ་གནས་ཀྱི་ཁག་ཁུར་བྱེད་པ། ཞིང་ཆེན་ལྟེ་གནས་ཀྱི་སྟོབས་ཤུགས་འབུལ་དགོས།

གྲོས་ཞིབ་བྱེད་སྐབས། འཐུས་མི་ཝང་ཝེ་ཏུང་དང་ཧྲི་ཅན་ཕིང་། ལིའུ་པོ། ནན་ཧའེ་ཡན། ཨན་ཧྥང་། ཁྲིན་ཅུན་ལེང་བཅས་ཀྱིས་རང་སོ་སོའི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། ཚད་མཐའ་བརྟན་སྲུང་དང་ཞན་ཆ་ཁ་གསབ་བྱེད་པ། དཀའ་གནད་ཐག་གཅོད་པ། ཞིང་གསུམ་བྱ་བ་དང་། ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ། བདེ་འཇགས་འཛུགས་སྐྲུན་དང་ཏང་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པ་སོགས་ཕྱོགས་ནས་གཏམ་བཤད་པ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པར་དམིགས་ནས་རང་སོ་སོའི་མྱོང་ཚོར་དང་ངོས་ཟིན་གླེང་བ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ལ་གདེང་འཇོག་མཐོན་པོ་བྱས།

གཏམ་བཤད་ལ་ཉན་རྗེས། ཁྲིན་ཀང་གིས་བཤད་རྒྱུར། ཚོགས་ཆེན་སྟེང་གྲོས་ཞིབ་བྱེད་པར་སྤྲད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན། འདས་པའི་ལོ་གཅིག་རིང་ལ། རང་ཞིང་གི་དོན་ཆེན་དང་གལ་གནད་སྣོལ་འདྲེས་དང་བྲེལ་དཀའ་སྡེབ་སྣོན་བྱས་ཡོད་པ་དང་། དཀའ་ཚེགས་ཆེ་ཞིང་ལྗིད་དྲག་པའི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་འགན་ལ་ཁ་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་པའི་འཕེལ་རྒྱས་ཀྱི་འཆར་འགོད་ནི། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་གདིང་ཤུགས་དང་སྒུལ་ཤུགས། ཡིད་ཆེས་བཅས་ཡིན་ལ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་ན། མྱུར་ལམ་མེད་པར་དངོས་གཉེར་ཁོ་ནར་བརྟེན་དགོས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩི་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བའི་གནས་ལུགས་བརྟན་པོར་བརྩི་བ་རྒྱུན་འཁྱོངས་བྱས་ལ། མཚོ་སྔོན་ལ་སྔར་ལས་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་སྔར་ལས་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་བཏང་སྟེ། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་ཐུབ་པར་བྱེད་དགོས། 

ཁྲིན་ཀང་གིས་ཟི་ལིང་གིད་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་སྣ་ཚོགས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཟི་ལིང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་ཡོངས་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཟིན་པ་དང་། བྱ་བ་མང་པོ་གནད་འགག་གི་དུས་རིམ་དུ་སླེབས་ཡོད་ལ། ཇི་མ་ཇི་བཞིན་དུ་ལག་བསྟར་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་དང་ཆ་ཚང་བ། ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱེད་པ། མཐོ་ས་གསར་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་སུ་འཛིན་པ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་བྱེད་པ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མ་འོངས་པའི་ཐོན་ལས་མྱུར་དུ་བཀོད་སྒྲིག་བྱེད་པའི་ཐད་ནས་བྱས་རྗེས་འཇོག་པ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་ལག་བསྟར་དམ་འཛིན་བྱེད་པ་དང་། དུས་ཚོད་དང་ཚད་གཞི། ཕན་འབྲས་ལ་གཅིག་འདོམས་དང་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་འདོན་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་པ། འགན་འཁྲི་འདུ་ཤེས་བརྟན་པོས་རྩ་འཛུགས་ཀྱི་རེ་བ་དེ་རང་སྟེང་གི་བྱ་སྤྱོད་དུ་བསྒྱུར་ནས། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་ཡོད་པའི་བརྡར་གཅོད་དེ་མངོན་སུམ་དུ་འགྱུར་བར་བྱེད་དགོས། བདེན་འཚོལ་དངོས་གཉེར་གྱིས་ལག་བསྟད་དམ་འཛིན་བྱེད་པ་དང་། ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་ལས་འབྲས་གསར་བ་བསྐྲུན་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཇེ་བརྟན་དུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པ། ཞིབ་འཇུག་གི་གྲུབ་འབྲས་རེ་རེར་བརྟེན་ནས་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། སྤོབས་པ་ཆེན་པོས་ལག་བསྟར་དམ་འཛིན་བྱེད་པ་དང་། ཏང་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པར་བརྟེན་ནས་སྙིང་སྟོབས་ཆེར་སྐྱེད་པ། སྲོལ་ངན་བཞི་ནན་འགོག་དང་ནན་བཤེར་ཡོ་བསྲང་བྱེད་པ། སྤྱོད་ཚུལ་ཆེད་དོན་བཅོས་སྐྱོང་གི་གྲུབ་འབྲས་རྒྱ་སྐྱེད་པ། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་རྣམ་འགྱུར་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། གཙང་མ་གཙང་རྐྱང་གི་བློ་མཐུན་བར་གྱི་འབྲེལ་བ་དང་གུས་གུས་ཞུམ་ཞུམ་གྱི་གོང་འོག་རིམ་གྱི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་བ་གྲུབ་པར་བྱེད་པ། ལས་གཉེར་ལས་སྐྲུན་གྱི་ངར་ཤུགས་ཆེར་སྐྱེད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའི་གསར་བ་ཧུར་ཐག་གིས་འབྲི་དགོས།

ཀྲུའུ་ཞང་ཧྥིན་དང་དབྱང་ཧྥིན་ཁྲུན། ཀྲང་ཧུང་ཡོན། ལིའུ་ཐོ། ཀྲང་ཙིག་ཅུན་བཅས་གྲོས་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།