མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།
2024.01.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་གཏམ་བཤད། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། བསམ་བློ་སྔར་ལས་གཅིག་གྱུར་དང་འདོད་བློ་སྔར་ལས་གཅིག་གྱུར།  བྱ་སྤྱོད་སྔར་ལས་གཅིག་གྱུར་བྱེད་པ་དང་། འགོ་ཁྲིད་དེ་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་བསྟར་བྱེད་པ། སྔ་མོ་ནས་དམ་འཛིན་བྱེད་པ་དང་དོན་འཁྱོལ་ཟབ་མོ་བྱས་ཏེ། ད་ལོའི་སྲིད་གཞུང་བྱ་བ་སྣ་ཚོགས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་གྲོས་འཆམ་བྱུང་བ་དང་བརྡས་ཐག་བཅད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ནི། ང་ཚོས་བཞག་པའི་དམ་བཅའི་ཡི་གེ་དང་ལས་འགན་ཡི་གེ་ཡིན་ལ། གནད་འགག་ནི་འགོ་ཁྲིད་དེ་ལག་བསྟར་དམ་འཛིན་བྱེད་པ་དང་། ཁ་བཤད་ལག་ལེན་དང་སྒྲུབ་པ་དོན་འཁྱོལ་བྱས་ནས། ང་ཚོའི་དམ་བཅའ་རེ་རེ་བཞིན་ཁ་ཐོག་ལག་ལེན་བྱེད་པ་དང་། རེ་རེ་བཞིན་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཟང་བོ་འདེབས་དགོས། དངོས་འབེབས་དམ་འཛིན་བྱེད་ན་ངེས་པར་དུ་ཇི་མ་ཇི་བཞིན་དུ་དམ་འཛིན་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལ་གོ་བ་ཟབ་མོ་ལེན་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གི་འཐབ་ཇུས་བསམ་གཞིགས་དང་དངོས་ཡོད་དགོས་མཁོར་གོ་བ་ཟབ་མོ་ལེན་པ། ད་ལོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་དགོས་མཁོ་དང་། གལ་ཆེན་རང་བཞིན་དང་དཀའ་ཁག་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ། རང་རྟོགས་སྒོས་ཆབ་སྲིད་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བྱ་བ་སྒྲུབ་པ། ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་པ། ཇི་ལྟར་བསྒྲུབ་པར་རྒྱུས་ལོན་གསལ་བོ་བྱེད་པ། གསར་སྐྲུན་རང་བཞིན་ལྡན་པའི་ངང་བྱ་བ་སྤེལ་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་མཁན་བྱེད་དགོས། ལག་བསྟར་དམ་འཛིན་བྱེད་ན་ངེས་པར་དུ་ཤུགས་ལྡན་ཞིང་མྱུར་དགོས་པ་དང་། བྲེལ་མྱུར་འདུ་ཤེས་དང་སྔོན་བརྒལ་འདུ་ཤེས། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ད་ལྟ་ཅི་འདྲ་འཕྱི་ཡང་སྔ་བ་དང་རྗེས་ཕྱོགས་ཅི་འདྲ་སྔ་ཡང་འཕྱི་བའི་ལས་ཆོད་འདུ་ཤེས་དང་དུས་ཚོད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་བཅས་ལ་མྱུར་དུ་ལན་སྟེར་བ་དང་མྱུར་དུ་སྐུལ་འདེད་གཏོང་བ། མྱུར་དུ་ལག་བསྟར་བྱེད་པ། འབད་འཐབ་ལྷོད་མེད་ཀྱིས་བྱ་བ་སྔོན་དུ་སྒྲུབ་པ་དང་ལེགས་ཞིབ་སྒོས་སྒྲུབ་པ། བཟང་བོར་སྒྲུབ་ནས། རང་སྟེང་གི་བྱ་བའི་གཏན་ཁེལ་རང་བཞིན་གྱིས་གནས་བབ་འགྱུར་ལྡོག་གི་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། ལག་བསྟར་དམ་འཛིན་བྱེད་ན་ངེས་པར་དུ་བདེན་འཚོལ་དངོས་གཉེར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གོ་གནས་དང་པོར་འཇོག་པ། ཡོད་ཚད་གནས་ཚུལ་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ། ལས་སྒྲུབ་ལས་སྐྲུན་གྱི་ངར་ཤུགས་ཆེར་བསྐྱེད་པ། དངོས་ཐོག་བདེན་འཚོལ་དང་ས་བབ་དང་བསྟུན་ནས་བྱ་བ་སྤེལ་བ། གཙོ་གནད་འཚོལ་ཤེས་པ་དང་གནད་འགག་དམ་འཛིན་བྱེད་ཤེས་པར་བྱས་ཏེ། ཐོན་ཁུངས་ཡོད་ཚད་དང་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ནས་སྐུལ་འདེད་གཏོང་བ་དང་། གཙོ་གནད་འགག་སྒྲོལ་གྱིས་སྤྱི་ཡོངས་ཀྱི་མཐོར་འདེགས་ལ་སྣེ་ཁྲིད་བྱེད་དགོས། ལག་བསྟར་དམ་འཛིན་བྱེད་ན་ངེས་པར་དུ་སྒྲུབ་ཕོད་སྒྲུབ་ཤེས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བསམ་བཀོད་གཅིག་གི་བསམ་བློ་ཇེ་བརྟན་དུ་གཏོང་བ། ལས་བགོས་ཞིབ་མོ་བྱེད་པ། མཉམ་ལས་གཞོགས་འདེགས་བྱེད་པ། འགོ་བཟང་བོ་རྩོམ་པ། གཙོ་གནད་བྱ་བ་བྱེ་བྲག་ཅན་དང་རྣམ་གྲངས་ཅན། གསལ་ཁྲ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། འགོ་བརྩམས་མ་ཐག་མཆོང་བརྒལ་བྱེད་པ་དང་འགོ་བརྩམས་མ་ཐག་དམག་འཐབ་བྱེད་པའི་རྣམ་འགྱུར་ལ་བརྟེན་ནས། དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་པ་དང་། འགོ་རྩོམ་དུས་ཀྱི་གྲུབ་འབྲས་ལ་བརྟེན་ནས་ལོ་ཧྲིལ་བོའི་གྲུབ་འབྲས་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཛིན་པ་དང་། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་སྤེལ་བ་དང་། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བ་དང་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་། མཁོ་འདོན་འགན་སྲུང་དང་དངོང་གོང་བརྟན་འཇགས། སྤྱི་ཚོགས་བརྟན་འཇགས་སོགས་བྱ་བར་གཅིག་འདོམས་དམ་འཛིན་བྱེད་པ། ལས་རེས་ལས་སྲུང་ལ་ཤུགས་བསྣན་ནས། རིགས་སོ་སོའི་མང་ཚོགས་ལ་སྤྲོ་སྐྱིད་བདེ་འཇགས་ཀྱི་ལོ་སར་ཞིག་རོལ་ཏུ་འཇུག་དགོས་པའི་རེ་བ་བཏོན།

ཝང་ལིན་ཧུའུ་དང་ཚེ་རིང་ཐར། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།