ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།
2024.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མངོན་བཤེར་དང་ལྐོག་བཅར་གྱི་བྱེད་ཐབས་སྤྱད་དེ། སོ་སོར་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྲང་ལམ་དང་། གསོ་སྦྱོང་ལས་ཁུངས། གློག་བརྙན་ཁང་། ཚོང་ཁང་ཆེ་གྲས། མགྲོན་ཁང་། བཟའ་བཏུང་ཁེ་ལས། ཞིང་ཞོར་ཐོན་རྫས་ཚོང་ར། སྣུམ་སྣོན་ས་ཚིགས་སོགས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་བཅོས་སྐྱོང་ཆེན་མོ་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་ར་དངོས་སུ་བརྟན་པོར་སྲུང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་བདེ་འཇགས་ཞི་མཐུན་གྱི་ལོ་སར་ཞིག་རོལ་ཏུ་འཇུག་དགོས་ཟེར།

མཁར་ནུབ་ཁུལ་དུ་ཡོད་པའི་ལིས་མིན་ཚོང་ལས་སྲང་ལམ་དུ་ཚོང་ལས་བྱེད་སྒོ་གཅིག་ཏུ་འདུས་ཤིང་།  ཁང་བརྩེགས་མཐོན་པོ་མང་བ་དང་མི་ཚོགས་འདུ་འཛི་ཆེ་བས། བདེ་འཇགས་ཐོན་སྐྱེད་བྱ་བའི་གནད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁྲིན་ཀང་སྲང་ལམ་ནང་ཁུལ་གྱི་གསོ་སྦྱོང་ལས་ཁུངས་དང་། གློག་བརྙན་ཁང་། མཐའ་འཁོར་གྱི་སྣ་འཛོམས་ཚོང་ཟོང་ཐོག་ཁང་། ཞིང་ཞོར་ཐོན་རྫས་ཚོང་ར། སྣུམ་སྣོན་ས་ཚིགས་སོགས་ལ་སོང་ནས། ཡུལ་དངོས་སུ་བདེ་འཇགས་འབུད་སྒོའི་བཀོད་སྒྲིག་ལ་ཞིབ་ལྟ་བྱས་ཤིང་། ཡུལ་དངོས་སུ་མེ་འགོག་སྒྲིག་ཆས་ཀྱི་ནུས་པར་ཞིབ་བཤེར་བྱས་པ་དང་། མེ་འགོག་ཕྱིར་བགྲོད་དཔེ་མཚོན་རི་མོ་ཚད་ལྡན་མིན་པ་དང་། ཕྱིར་བགྲོད་གློག་སྒྲོན་མཚོན་རྟགས་ཆ་ཚང་མིན་པ་སོགས་ཀྱི་གནད་དོན་བསྟན་ལ། འཕྲལ་བསྟུན་སྔོན་ཇུས་གཏན་འབེབས་བྱེད་པ་དང་། མེ་འགོག་བདེ་འཇགས་ཤེས་བྱའི་གསོ་སྦྱོང་སོགས་ཀྱི་གནས་ཚུལ་འདྲི་ཞིབ་བྱས། ཚོང་ར་ནང་ཁུལ་གྱི་མེ་འགོག་རོགས་སྐྱོབ་ས་ཚུགས་ཆུང་གྲས་སུ།  ཁྲིན་ཀང་གིས་མེ་འགོག་བདེ་འཇགས་དོ་དམ་ཁྲོད་ཀྱི་དཀའ་གནད་དང་འགག་གནད། ཉེན་ཁའི་གནས་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ནན་གྱིས་བསྟན་དོན། ལས་རིགས་མཉམ་འདུས་ཀྱི་ཚོང་ལས་འདུ་ར་སོགས་མི་ཚོགས་འདུ་འཛི་ཆེ་སར་དམིགས་ཏེ། འགག་སྒོ་སྔ་སྣུར་དང་། ཡུལ་བབ་དང་བསྟུན་ནས་མེ་འགོག་ནུས་པ་སྒྲིག་སྦྱོར་བྱེད་པ་དང་། མེ་འགོག་རོགས་སྐྱོབ་སྟོབས་ཤུགས་གཞི་རིམ་དུ་རྒྱ་བསྐྱེད་དགོས། སྐོར་ཞིབ་སྐོར་སྐྱོད་ལ་ཤུགས་བསྣན་ཏེ། འགན་འཁྲི་ཇེ་དམ་ཇེ་ནན་དུ་གཏོང་བ་དང་། མེ་འགོག་སྒྲིག་ཆས་ཀྱི་ཉིན་རྒྱུན་གྱི་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པ། བདེ་འཇགས་འབུད་སྒོ་གེགས་མེད་ཡོང་བར་ཁག་ཐེག་བྱས་ནས། ཐོག་ཁང་མཐོན་པོའི་མེ་གསོད་རོགས་སྐྱོབ་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཉིན་རྒྱུན་དམ་འཛིན་དང་དུས་རྒྱུན་དོ་དམ། ནམ་ཡང་དམ་པོ་བཅས་བྱས་ཏེ། སྒྲིག་སྲོལ་ལམ་ལུགས་འཐུས་ཚང་ལེགས་བཅོས་བྱེད་པ་དང་། དོན་རྐྱེན་མ་བྱུང་སྔོན་གྱི་མངོན་མེད་འགོག་རྐྱེན་ཞིབ་བཤེར་བཅོས་སྐྱོང་བྱེད་པ་ཤུགས་དྲག་ཏུ་གཏོང་བ། མང་ཚོགས་ཀྱི་མེ་འགོག་བདེ་འཇགས་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཇེ་ཆེར་གཏོང་བ། དུས་ཆེན་སྐབས་ཀྱི་བྱ་འགུལ་ཆེན་མོའི་བདེ་འཇགས་དོ་དམ་དམིགས་སུ་འཛིན་པ། གློག་བཀོལ་བདེ་འཇགས་ལ་དོ་སྣང་བྱས་ནས། སྔོན་འགོག་གཙོར་འཛིན་པ་དང་འགོག་སེལ་ཟུང་འབྲེལ་བྱེད་དགོས།

ཝན་ཅ་ཅཱ་པོ་ཡོན་ཁྱིམ་ཆས་དང་འཛུགས་སྐྲུན་རྒྱུ་ཆས་ཚོང་ར་རུ། ཝུའུ་ཞའོ་ཅུན་གྱིས་མེ་འགོག་སྒྲིག་ཆས་དང་། བདེ་འཇགས་འབུད་སྒོ་སོགས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཡུལ་དངོས་སུ་མེ་གསོད་སྒྲིག་ཆས་བཀོད་སྤྱོད་ཚོད་ལྟ་བྱས་ཤིང་། ཚོང་ཁང་ཞིག་ལ་མེ་སྐྱོན་ཤོར་བའི་རྣམ་པར་ལད་ཟློས་བྱས་ནས། མེ་འགོག་རོགས་སྐྱོབ་ཀྱི་ཆེད་མཁས་འགྲོ་རོགས་པ་བཀོད་སྒྲིག་བྱས་ཏེ་རྩ་འཛུགས་བཀོད་འདོམས་དང་། དུས་སྟུན་ཇུས་ཆོད། མེ་སྐྱོན་རོགས་སྐྱོབ་ཀྱི་ནུས་པ་བཅས་ལ་ཚོད་ལྟ་བྱས་ཤིང་། ཚོང་རའི་མི་སྣ་ཕྱིར་བགྲོད་རྩ་འཛུགས་བྱས་པ་འོས་འཚམ་མིན་པ་དང་། ཚོང་རའི་མེ་འགོག་མི་སྣ་དུས་ལྟར་མ་ཐོན་པ་སོགས་ཀྱི་གནད་དོན་གཟབ་ནན་སྒོས་བསྟན་པར་མ་ཟད། མྱུར་དུ་ཕྱོགས་ཡོངས་ནས་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན། སྐབས་བསྟུན་འཐེན་ཞིབ་བྱས་པའི་མགྲོན་ཁང་དང་།   ཟ་ཁང་དུ།     ཝུའུ་ཞའོ་ཅུན་གྱིས་ཁང་བའི་ནང་གི་བཀོད་པ་དང་། མེ་འགོག་སྒྲིག་ཆས་སྒྲིག་སྦྱོར། འཕྲལ་བསྟུན་སྔོན་ཇུས་གཏན་འབེབས། འབར་རླངས་སྦུག་ལམ། མེ་བཀོལ་གློག་བཀོལ་དང་ཉིན་རྒྱུན་ཚོང་གཉེར། བདེ་འཇགས་སློབ་གསོའི་གསོ་སྦྱོང་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གློག་ཆས་ཀྱི་གློག་སྐུད་སྦྲེལ་མཐུད་དང་། རླངས་སྦུག་གི་སྦྲེལ་མཐུད་སོགས་མེ་གསོད་ལག་རྩལ་གྱི་ཚད་གཞིར་མི་འཚམ་པ་སོགས་ཀྱི་གནད་དོན་རེ་རེ་བཞིན་དུ་བསྟན་པ་དང་། སྣང་མེད་དང་སྟེས་དབང་གི་བསམ་བློ་ཁྱད་སེལ་བྱས་ནས། ཁོངས་གཏོགས་ས་ཁུལ་དང་མེ་གསོད། ལས་རིགས་གཙོ་གཉེར་སྡེ་ཁག་དང་ཁེ་ལས་བཅས་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། ཚོགས་ར་གཙོ་བོ་དང་ལས་རིགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁར་ཕྱོགས་ཡོངས་ནས་རྩད་ཞིབ་དག་ཐེར་བྱེད་པ། ཆད་ལྷག་གཅིག་ཀྱང་མེད་པར་བྱེད་པ་དང་མངོན་མེད་རྐྱེན་ངན་ཚང་མར་ཆ་རྒྱུས་གསལ་བོ་ཡོད་པར་བྱེད་དགོས། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་བཙུགས་ནས། ལས་བཟོ་པའི་བདེ་འཇགས་སློབ་གསོར་ཤུགས་སྣོན་པ་དང་། དངོས་འཐབ་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ།  འཕྲལ་བསྟུན་ཐག་གཅོད་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།

ཝང་ཝེ་ཏུང་དང་ཝང་ལིན་ཧུའུ་རྟོག་ཞིབ་ལ་ཞུགས།

                                                                                                             རིག་འཛིན་སྒྲོལ་མས་བསྒྱུར།