ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2024.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ།   ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།    འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་དུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་དུ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་བོ་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་།   ཞིང་ཆེན་ཏང་ཨུའི་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ།   ཏང་གི་དངུལ་རྩའི་ལས་དོན་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།    བྱ་བའི་བྱེད་ཐབས་སོ་སོ་དམ་འཛིན་ནན་མོ་བྱེད་པ།    དངུལ་རྩའི་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ།  དངུལ་རྩའི་ཉེན་ཁ་ནུས་ཡོད་སྒོས་འགོག་ཟོན་དང་ཐག་གཅོད་པ།   དངུལ་རྩའི་བཅོས་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།   དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བཅས་བྱས་ཏེ་རང་ཞིང་གི་དངུལ་རྩ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་གཅིག་ཅན་བཅུའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ།    ཚན་རིག་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ།  དྲང་གཞག་ཁྲིམས་འཛིན།   དམངས་ཡོངས་ཁྲིམས་བསྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།    སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ།   ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་བཟོ་སྐྲུན་པའི་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་ཐོག་མའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་།   གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ཚན་རྩལ་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས།   འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བཅས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ།  སྐྱེ་ཁམས་ལེགས་བསྒྱུར་གསར་གཏོད་བྱེད་པ་དང་།    བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་བཟོ་སྐྲུན་ལག་རྩལ་འཇོན་མིའི་བྱ་བ་བཟང་བོར་བསྒྲུབ་སྟེ་བརྩེ་སེམས་ཡོད་པ་དང་ནུས་ཡོད་སྒོས་འཇོན་མི་གསོ་སྐྱོང་དང་འཇོན་མི་ནང་འདྲེན།   འཇོན་མི་བཀོལ་སྤྱོད་བཅས་བྱེད་པ་དང་།   གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ།    འཇོན་མིའི་ཕྲེང་འབྲེལ་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མཐུད་ངང་སྐུལ་སློང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུ།   ཟླ1ཚེས22ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་།   བཟོ་སྐྲུན་སྟོང་ཁྲིའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།   དངོས་སྐྱེལ་མ་རྩ་ཇེ་དམའ་རུ་གཏོང་བའི་འགུལ་སྐྱོད་དང་ཞིང་སྡེའི་སྐུར་སྐྱེལ་གྱི་སྡེ་བ་གཅིག་ལ་ས་ཚིགས་གཅིག་གི་བཟོ་སྐྲུན་ལག་བསྟར་བྱས་ཏེ་དུས་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས།    དངུལ་རྩའི་དོ་དམ་བྱེད་ནུས་མཐོར་འདེགས་བཏང་སྟེ་མ་རྩའི་ཁྲོམ་ར་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུ།   ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།    གྲོས་ཚོགས་སྟེང་།   ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་།  གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་ཡར་སྐུལ་བྱེད་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ།    དབང་ཤུགས་གཅིག་བསྡུས་དང་མ་དངུལ་མཉམ་བསྡུ།   ཐུན་ཁུངས་གཅིག་བསྡུས་ཡིན་པའི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ།   གཅིག་བསྡུས་རང་བཞིན་གྱི་སྒྲིག་ཁྲིམས་སློབ་སྦྱོང་ཏན་ཏིག་གིས་སྤེལ་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་།    2023ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་།   2024ལོའི་བྱ་བ་གཙོ་བོར་ཞིབ་འཇུག་བྱས་ལ།   མཚོ་སྔོན་ཞིང་ཆེན་གྱི2021ལོ་ནས2035ལོའི་བར་གྱི་རྒྱལ་ཁོངས་བར་སྟོང་སྐྱེ་ཁམས་སླར་གསོའི་འཆར་འགོད་སོགས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་།  སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སོ་སོ་དམ་འཛིན་བཟང་བོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་ལོ་སར་སྐྱེལ་འདྲེན་ལ་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད།   མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས་སོགས་བྱ་བར་སྤྱི་འདོམས་དམ་འཛིན་བཟང་བོ་བྱེད་པ།   ལས་རེས་ལས་སྲུང་བྱ་བར་ཤུགས་བསྣན་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སྐྱིད་འཆམ་མཐུན་དང་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།