ཟླ2པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤབད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། 2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་བྱ་བར་ཉན་པར་མ་ཟད་ཞིབ་འཇུག་བྱས།
ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། ཏང་གི་ཕྱོགས་སོ་སོའི་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གིས་མིག་དཔེ་བྱེད་པ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འོག་རིམ་ལ་སྣེ་ཁྲིད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེས་ཆེ་བའི་ཆབ་སྲིད་འདིར་དམ་དུ་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་རྒྱུ་རྒྱུན་མཐུད་ངང་དམ་འཛིན་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཐད་ནས་བླངས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་སྤྱི་སྡོམ་ནན་མོ་བྱེད་པ། མཇུག་བསྡུའི་དུས་རིམ་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་དེར་རྒྱུས་ལོན་བྱེད་རྒྱུ་དེ་མི་ཚེ་གང་བོའི་དཔྱད་གཞི་རུ་བརྩི་བ། བརྗོད་དོན་སློབ་གསོའི་ཁྲོད་གྲུབ་པའི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་ལམ་ལུགས་ཀྱི་རྣམ་པ་སྤྱད་དེ་སྲ་བརྟན་དུ་གཏོང་བ། རང་ཞིང་གི་བརྗོད་དོན་སློབ་གསོ་སྲ་བརྟན་དང་རྒྱ་སྐྱེད་བྱས་ནས། བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཕྱོགས་ཡོངས་ནས་ཉམས་སུ་མྱོང་བ། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་ཕིགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བ། སྐོར་ཞིབ་ཀྱི་རྗེས་མཐུད་བྱ་བ་བཟང་བོར་སྒྲུབ་པ། སྐོར་ཞིབ་ཐད་ཀྱི་དག་ཐེར་ལེགས་བཅོས་བཟང་བོར་སྤེལ་བ་དང་སྐོར་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱས་ཏེ། སྤུས་ཚད་མཐོ་བའི་ངང་སྐོར་ཞིབ་སྐོར་གཟིགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ལ་ལན་བཏབ་སྟེ། དུས་རབས་གསར་བའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། མཚོ་སྔོན་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་ཆེད་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་བའི་དོན་དམ་གྱི་གནས་ལུགས་ཡིན་པ་ཡིད་ལ་བརྟན་པོར་འཛིན་པ་དང་། མདུན་ལྟ་རང་བཞིན་གྱི་བསམ་གཞིགས་དང་སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཁོག་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་པ། ཤར་ནུབ་རྒྱུད་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། རིམ་པ་སོ་སོའི་ཕན་ཡོད་ཐོན་ཁུངས་གཅིག་སྡུད་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མ་ཆད་པར་ལེགས་སྒྱུར་བྱེད་པ། ཚོང་རའི་སྡེབ་སྒྲིག་ཐོན་ཁུངས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་མེ་སྐྱོན་དོན་རྐྱེན་དང་རི་ཉིལ་བའི་དོན་རྐྱེན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་རྒྱུས་ལོན་བྱེད་པ་དང་། ཚད་མཐའི་བསམ་བློ་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ། འཕྲལ་བསྟུན་འཁྲབ་སྦྱོང་དང་ལས་རེས་ལས་སྲུང་ལ་ཤུགས་སྣོན་པ། ས་གཤིས་གནོད་འཚེ་འགོག་ཟོན་ནན་མོ་བྱེད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སྤྲོ་སྐྱིད་འཆམ་མཐུན་གྱི་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་དགོས། ལུགས་རྙིང་ལོ་སར་སྐབས་སུ། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱེད་པ་དང་། འགྲིམ་འགྲུལ་བདེ་འཇགས་དང་གྲོང་ཁྱེར་འཁོར་རྒྱུག ཤོག་སྦག་སོགས་ཀྱི་དོ་དམ་བྱ་བར་མཉམ་འཇོག་ཆེན་པོ་བྱེད་པ། གངས་ཆར་འཁྱག་དར་གྱི་གནམ་གཤིས་ལ་ཁ་གཏད་འཇལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ། ཀྲུང་དབྱང་གིས་བཏོན་པའི་ཕྱོགས་བཅུའི་ཐད་ཀྱི་གནད་དོན་ལ་ཤན་སྦྱར་ནས། རེ་རེ་བཞིན་ཞིབ་བཤེར་བྱེད་པ་དང་དག་ཐེར་ལེགས་བཅོས་ནན་མོ་བྱེད་དགོས། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་འབུར་དུ་ཐོན་པར་བྱེད་པ་དང་། ཕྱོགས་བསྡུས་ཐབས་བཀོལ་ལ་དོ་སྣང་བྱེད་པ། གནད་དོན་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ། བྱ་བར་གཅིག་འདོམས་བྱེད་རྒྱུ་དམ་འཛིན་བྱེད་པ། བྱེད་ཐབས་ལ་མཉམ་འཇོག་བྱས་ཏེ། འགོ་ཁུངས་ནས་རྙོག་དྲ་བཟོ་བར་བཀག་འགོག་བྱེད་དགོས། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། རིམ་པ་སོ་སོའི་ལས་བྱེད་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་སློང་བྱས་ནས། དུས་ཚོད་དང་སྟོབས་ཤུགས་བྱ་བ་ལག་བསྟར་དམ་འཛིན་བྱེད་པའི་ཐད་གཏོང་བ་དང་། ཁུར་བོ་ཇེ་ཡང་དུ་བཏང་ཡང་ཁག་ཁུར་ཇེ་ཆུང་དུ་མི་གཏོང་བ་དང་འགན་འཁྲི་ཇེ་ཆུང་དུ་མི་གཏོང་བའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སེམས་ཁོང་དུ་སིམ་པར་སྐུལ་འདེད་གཏོང་དགོས། དྲང་ཕྱོགས་ཀྱི་དྲིལ་སྒྲོག་རྒྱུན་མཐུད་ངང་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཏང་ལ་དོ་དམ་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་བླང་བྱ་གལ་ཆེན་དྲིལ་སྒྲོག་དང་འགྲེལ་བཤད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། དྲིལ་སྒྲོག་གི་གྲུབ་འབྲས་ཇེ་དྲག་ཏུ་གཏོང་དགོས། གཙོ་རྒྱུག་གླེང་ཕྱོགས་ཀྱི་གཡུལ་ས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། མཚོ་སྔོན་གྱི་སྤྱོད་ཚུལ་བསྒྱུར་བ་དང་དངོས་གཉེར་ལ་དོ་སྣང་བྱེད་པའི་གཏམ་རྒྱུད་བཤད་པ། རིགས་སོ་སོའི་མང་ཚོགས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གཏིང་ཤུགས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱས་ནས། ཏང་གི་འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆ་སྟངས་འཛིན་དམ་པོ་བྱེད་དགོས། སྨྱན་བྱད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དམག་འཐབ་ལ་མཁས་པ་དང་རྒྱལ་ཁ་ལེན་ཐུབ་པའི་དྲིལ་སྒྲོག་དཔུང་སྡེ་འཛུགས་སྐྲུན་བྱེད་པ། དྲིལ་སྒྲོག་བརྒྱུད་སྒྲོག་དེ་ཐོན་སྐྱེན་ནུས་ཤུགས་སུ་འགྱུར་བར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་འདེགས་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དམངས་ཚིས་ལེགས་སྒྱུར་དང་མི་སེམས་གཅིག་སྡུད་བྱེད་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བརྩིས་ནས། ལས་རིགས་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཡུལ་ས་དང་སྒེའུ་ཁུང་དུ་འགྱུར་བར་བྱེད་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། དཔེ་སྟོན་བྱེད་པ་ལྔ་དམིགས་འབེན་དུ་བྱས་ཏེ། འཛུགས་སྐྲུན་བྱ་བའི་ཐད་ནས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཆེ་རུ་བསྐྱེད་པ། སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་བྱ་བའི་ཁེབས་ཚད་རྒྱ་བསྐྱེད་དེ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་དགོས།
ཚོགས་ཐོག་ནས2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་བྱ་བའི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ངོས་འཛིན་ཇེ་གསལ་དུ་བཏང་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོ། རེ་བ་མཐོན་པོས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།གཙོ་གནད་བྱ་བ་གཙིགས་སུ་འཛིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བའི་ལས་འགན་དམ་འཛིན་བྱེད་དགོས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་རི་གཉིས་སྒྱུར་སྤོར་གྱི་ལམ་བུ་རྒྱ་བསྐྱེད་དེ། རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནད་དོན་གྱི་རྒྱུན་རྣམ་ཅན་གྱི་འགན་འཁྲི་རྩད་གཅོད་བྱ་བ་སྤེལ་བ་དང་། འབྲེལ་ཡོད་གཏན་ཁེལ་ལ་ཞིབ་འཇུག་བྱེད་པ་དང་གཏན་འབེབས་བྱེད་པ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྡེ་ཁག་ལ་དོ་དམ་བྱེད་ན་སྐྱེ་ཁམས་དོ་དམ་བྱེད་དགོས་པའི་རེ་བ་ལག་བསྟར་བྱས་ནས། འགན་འཁྲི་རྩད་གཅོད་ཀྱི་དངོས་ཕན་རང་བཞིན་མཐོར་འདེགས་གཏོང་དགོས།
ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱིས་སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས་མཐོ་སྒང་གི་བབ་སྡོད་ལས་བརྩོན་ཞི་མཛེས་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི2024ལོ་ནས2028ལོའི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དཀའ་གནད་ཞིང་ལས་དང་ཞིང་སྡེ་རུ་ཡོད་པ་དང་། གཙོ་གནད་ཀྱང་ཞིང་ལས་དང་ཞིང་སྡེ་རུ་ཡོད་པས། ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་དང་གྲོང་གསེབ་འཛུགས་སྐྲུན་གྱི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི་ལག་བསྟར་བཟང་བོ་བྱས་ནས། ཞིང་སྡེ་འབྲོག་ཁུལ་གྱི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིམས་འཛུགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་བའི་གནད་འགག་ཁོང་དུ་ཆུད་པར་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ། མི་དམངས་མང་ཚོགས་གོ་རིམ་ལྡན་པའི་ངང་ཁྲིམས་འཛུགས་ཁྲོད་ཞུགས་པ་དང་། མང་ཚོགས་ཀྱི་འདོད་བློ་དང་དོ་སྣང་མངོན་པར་བྱེད་པའི་ལམ་བུ་དང་རྣམ་པ་རྒྱ་བསྐྱེད་པ། ཁྲིམས་འཛུགས་བྱ་བའི་འཆར་གཞི་ལག་བསྟར་བྱེད་རྒྱུ་དམ་འཛིན་ནན་མོ་བྱས་ཏེ། ཁྲིམས་འཛུགས་ཐད་ནས་ཆབ་སྲིད་ཀྱི་གྲུབ་འབྲས་དང་ཁྲིམས་སྐྱོང་གི་གྲུབ་འབྲས། སྤྱི་ཚོགས་ཀྱི་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ཏུ། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བས། འཕྲལ་བསྟུན་ལས་རེས་དང་ལས་སྲུང་བྱ་བར་ཤུགས་སྣོན་པ་དང་། དུས་ནམ་ཡང་འཕྲལ་བསྟུན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། དུས་ཆེན་སྐབས་ཀྱི་ལས་རེས་ལས་སྒྲུབ་བཀོད་སྒྲིག་བཟང་བོ་བྱེད་དགོས། སྤྱོད་བསྲང་སྒྲིག་གཅུན་ལ་ཤུགས་སྣོན་པ་དང་། དུས་ཆེན་སྐབས་སུ་འབྱུང་སླ་བ་དང་འབྱུང་ཚད་མང་བའི་གནད་དོན་བཅོས་སྐྱོང་ཟབ་མོ་བྱེད་པ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་འགལ་ནས་བཟའ་བཏུང་ལ་རོལ་བའི་གཏན་འགོག་བཅུ་ལག་བསྟར་ནན་མོ་བྱེད་པ། དུས་ཆེན་སྐབས་སུ་སྒྲིག་ལམ་གྱི་རེ་བ་ལྷོད་གཡེང་མི་གཏོང་བར་ སྤྱོད་གཙང་སྲོལ་བཟང་གི་དུས་ཆེན་གྱི་སྣང་ཚུལ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།