《ཞི་ཅིན་ཕིང་དགའ་བའི་གསུང་རབ》ཅེས་པའི་དུས་མཚམས་གསུམ་པར་གདེང་འཇོག་ཆེན་པོ་ཐོབ།
2024.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་བཟོས་པའི་ལེའུ་བཅུ་གཉིས་ཅན་གྱི་དམིགས་བསལ་ལེ་ཚན། 《ཞི་ཅིན་ཕིང་དགའ་བའི་གསུང་རབ》ཅེས་པའི་དུས་མཚམས་གསུམ་པ་ཟླ2པའི་ཚེས17ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་བསྟན་པའི་ཚུན་ལ། ལྟད་མོ་པ་ཚོའི་གདེང་འཇོག་གང་ལེགས་ཐོབ།

ལེ་ཚན་དེའི་ནང་བྱེད་ཐབས་གསར་འདོན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག གླེང་མོལ་བཅས་ཀྱི་ཁྲོད་དྲངས་པའི། གནའ་བོའི་བསྟན་བཅོས་དང་གསུང་རབ་གྲགས་ཅན་གྱི་ཚིག་གང་མང་ལ་འགྲེལ་བཤད་གསོན་ཉམས་ཅན་རྒྱག་པའི་དམིགས་ཡུལ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕུན་སུམ་ཚོགས་པའི་ཤེས་བྱ་གང་ལེགས་སྒོས་མངོན་པར་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་ དགོངས་པར་ཁྱབ་པའི་རླབས་ཆེན་གྱི་བདེན་སྟོབས་དང་ལག་ལེན་གྱི་སྟོབས་ཤུགས་མངོན་པར་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ངོས་འཛིན་དང་རྒྱུས་ལོན་སྔར་ལས་གཏིང་ཟབ་མོ་བྱེད་པ་བཅས་ཀྱི་ཆེད་རེད།

ཀྲུང་གོ་རྡོ་སྣུམ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཀྲང་ཙི་ཀྲུའུ་ཡིས། དུས་མཚམས་གསུམ་པའི་ལེ་ཚན་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲངས་པའི་གསུང་རབ་གྲགས་ཅན་གྱི་ཚིག་དང་གཏམ་རྒྱུད་ལ་འགྲེལ་བཤད་བརྒྱབ་པ་བརྒྱུད། “རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན”ཞེས་པའི་ནང་དོན་དང་དུས་རབས་གསར་བའི་དོན་སྙིང་། ལག་ལེན་གྱི་ཐབས་ལམ་བཅས་ལ་གསོན་ཉམས་ལྡན་པའི་རྒྱས་བཤད་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་སེམས་གཏིང་གི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དེ་ཐད་ཀར་མྱོང་ཚོར་ཐུབ་པར་བྱས་ཡོད་ཟེར།

ཀྲང་ཙི་ཀྲུའུ་ཡིས་བཤད་རྒྱུར། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས། ངས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ལེ་ཚན་གྱི་བསམ་ཕྱོགས་ལ་དཔེ་ལྟ་བྱས་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་སྔོག་འདོན་གང་ལེགས་བྱས་ཏེ། སློབ་མ་ཚོས་སྔར་ལས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཆེད་དུ་ལང་ཚོའི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དུ་འཇུག་རྒྱུ་ཡིན་ཟེར།

ཡུན་ནན་ཞིང་ཆེན་ལིས་ཅང་གྲོང་ཁྱེར་ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་ཐེན་ཧུང་གྲོང་ཚོའི་གྲོང་མི་ཧི་ཅང་ལུང་གིས་བཤད་རྒྱུར། ལེ་ཚན་ནང་གླེང་མང་ཤོས་ནི“མི་དམངས”རེད། ལོ་ངོ་འདི་དག་གི་རིང་ལ། ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་འཚོ་བ་སྔར་ལས་ཇེ་སྐྱེད་ཇེ་ཡག་ཏུ་ཕྱིན་ཡོད། དབུལ་ཐར་མཁྲེགས་གཏོར་ནས་གྲོང་གསེབ་དར་སྤེལ་བར་དུ། ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་རྩ་ཞེ་ལ་བཅངས་པ་དང་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་ཟེར།

པེ་ཅིང་གྲོང་ཁྱེར་ཏ་ཞིན་ཆུས་ཏང་ཨུའི་གཞུང་སྒྲུབ་ཁང་གི་ན་གཞོན་ལས་བྱེད་པ་ཁི་རོས་ཞིན་ལ་ལེ་ཚན་ཁྲོད་ཧོང་ཝུན་ཞིའུ་ཡི་གཏམ་རྒྱུད་ཀྱིས་སེམས་འགུལ་ཆེན་པོ་ཐེབས། ཁོས་བཤད་རྒྱུར། ཧོང་ཝུན་ཞིའུ་ཡིས་ལང་ཚོའི་ལེགས་སྐྱེས་རི་ཁུལ་དུ་ཕུལ་ནས། ཚེ་སྲོག་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་བཤད་བྱས་ཡོད་ཟེར།

ཁི་རོས་ཞིན་གྱིས་བཤད་རྒྱུར། ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས། ངས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཧོང་ཝུན་ཞིའུ་མིག་དཔེར་བཟུང་ཡོད། རྙོག་འཛིང་ཆེ་བའི་གནས་བབ་དང་ཛ་དྲག་གི་འགྲན་སློང་གང་འདྲ་ཞིག་ལ་འཕྲད་ཀྱང་། དངོས་སྒྲུབ་དང་རང་འཁྲི་རང་འཁུར་ལ་བརྟེན་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་སྔར་ལས་ཇེ་གསལ་དུ་བཏང་ནས། དགེ་བའི་ལས་ལ་མཐའ་གཅིག་ཏུ་གཞོལ་ཏེ། དུས་རབས་གསར་བའི་ན་གཞོན་ལ་ཡོད་འོས་པའི་འབད་འབུངས་ཡར་བརྩོན་གྱི་ལེའུ་གསར་བ་རྩོམ་རྒྱུ་ཡིན་ཟེར།

པེ་ཅིང་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཡུས་ཝུན་ལིས་ཀྱིས་བཤད་རྒྱུར། ལེ་ཚན་གྱིས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་བེད་སྤྱོད་བྱས་པར་ཧ་ཅང་ཁྱད་ཆོས་ལྡན་པ་དང་། མི་སྣ་འདེམས་སྒྲུག་དང་ལེ་ཚན་གྱི་སྒྲིག་གཞིའི་ཐད་བསམ་ཕྱོགས་ཁྱད་པར་ཅན་བཀོལ་བ། ཁྱད་པར་དུ་བསམ་བློའི་འགྲེལ་བཤད་པ་དང་གསུང་རབ་འགྲེལ་བཤད་པའི་བར་འབྲེལ་མཐུད་གང་ལེགས་བྱུང་བ་དང་། རྒྱས་བཤད་བྱེད་ཐབས་ལ་ཡིད་དབང་འཕྲོག་ཤུགས་དང་ཕན་རླབས་ཆེན་པོ་ལྡན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྒྱུད་སྒྲོག་ཐད་གསར་གཏོད་ཀྱི་དཔེ་མཚོན་མཁོ་འདོན་བྱས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།