ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
2024.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས26ཉིན་གྱི་སྔ་དྲོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་ཏེ།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།   རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ཟབ་མོ་བྱེད་པ།  འགན་སྒྲུབ་བཟང་བོས་འགོ་བཟང་བོར་བརྩམས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་སྟོན་དགོས་ཞེས་ནན་གྱིས་བསྟན།

ལོ་སར་གྱི་རྗེས་སུ།    ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་སོ་སོས་ཤུགས་ཆེན་པོས་ཐོན་སྐྱེད་དམ་འཛིན་དང་ལས་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད།    མཚོ་སྔོན་ལིས་ཧོ་འདྲེན་གཟུགས་ཕྱེད་མའི་རྒྱུ་ཆ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧྥུའུ་གློག་རྫས་ཚད་ཡོད་ཀུང་ཟི་རུ་རིག་ནུས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་རེ་རེ་ཕན་ནུས་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ལ།   ལས་བཟོ་པ་རྣམས་རང་རང་གི་ལས་གནས་སུ་བྱ་བར་བྲེལ་བཞིན་ཡོད།   ཁྲིན་ཀང་ཁེ་ལས་ཀྱི་འགྲེམ་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་སོང་ནས་ཀུང་ཟིའི་འགན་ཁུར་བློ་མཐུན་དང་ལག་རྩལ་མི་སྣའི་བར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་།   འདུས་ཚད་མཐོ་བའི་སྭེལ་སོགས་འདྲེན་གཟུགས་ཕྱེད་མའི་རྒྱུ་ཆ་དང་སྒུལ་ཤུགས་ལིས་གློག་རྫས་གསར་བའི་ཞིབ་སྤེལ་དང་སྒྲིག་བཟོ།   ཕྱིར་འཚོང་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས། ཁྲིན་ཀང་གིས་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས་གསར་དར་ཐོན་ལས་གཞི་ཁྱོན་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་དགོས་པ་དང་།  ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་གྲུབ་པར་བྱས་ཏེ་ཐོན་ལས་འགྲན་རྩོད་ཀྱི་གནས་བབ་གསར་བ་བསྐྲུན་དགོས།   བཟོ་ལས་ཀྱི་ལྷད་མེད་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ཐོན་ལས་ཚན་རྩལ་གྱི་གསར་གཏོད་ནུས་ཤུགས་མཐོར་འདེགས་གཏོང་བ།   མིས་བཟོས་རིག་ནུས་ཀྱི་རྣམ་པ་གསར་བའི་བཟོ་ལས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་སྡོད་དམངས་ལྟེ་གནས་དང་མཁར་དཀྱིལ་ཁུལ་དབྱིན་མཱ་སྲང་ལམ་གྱི་ཤར་གྱི་སྲང་ལམ་ཆེན་མོའི་གཞིས་ཁུལ་དུ་ཁྲིན་ཀང་གྲོང་ཁྱེར་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་དང་དམངས་བདེ་ཞབས་ཞུའི་སྒེའུ་ཁུང་དུ་སོང་ནས་ཏང་འཛུགས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་ཞུར་ལན་སྟེར་བ་དང་མྱུར་དུ་སྒྲུབ་པའི་ནང་རྐྱེན་དང་ཀུན་འདུས་དྲ་བའི་མ་ལག་གི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པར་རྒྱུས་ལོན་ཞིབ་ཏུ་བྱས་པར་མ་ཟད།   འཁོར་སྐྱོད་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།   ཁྲིན་ཀང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ།   བྱ་བའི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་མང་ཚོགས་ལ་སྔར་ལས་མགྱོགས་མྱུར་ངང་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་དགོས།       ཆ་འཕྲིན་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་།   གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།    སྲིད་དོན་ཞབས་ཞུའི་གོ་རིམ་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགན་ནུས་སྡེ་ཁག་གིས་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བྱ་བའི་ཕན་འབྲས་མཐོར་འདེགས་གཏོང་བར་ཡར་སྐུལ་བྱེད་དགོས།   རིམས་ནད་འགོག་སྡོམ་སྐབས་ཀྱི་མཉམ་འགོག་མཉམ་བཅོས་སོགས་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཁྲོད་བཀོལ་ནས་གཞི་རིམ་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་བཙུགས་ནས་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་མངོན་འགྱུར་བཟང་བོ་བྱེད་དགོས།   བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་སྟེ་རིམ་པ་སོ་སོའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱི་ལས་སྒྲུབ་ལས་གཏོད་སྟོབས་ཤུགས་ཆེ་རུ་བསྐྱེད་པ་དང་བསྡུར་སློབ་སྙེག་བརྒལ་གྱི་སྤྲོ་སེམས་བསྐྱེད་ནས་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥིན་གྱིས་མཉམ་དུ་རྟོག་ཞིབ་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།