རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2024.03.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚེས་3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཏེ། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དངོས་སུ་འཚོགས་འགོ་རྩོམ་པ་དང་། ཟླ3པའི་ཚེས10ཉིན་གྱི་སྔ་དྲོར་མཇུག་བསྡུ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་དྲུག་ཡིན་པཁྱབ་བསྒྲགས་བྱས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། གསར་འགྱུར་མགྲིན་ཚབ་པས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་གནས་ཚུལ་བརྗེ་རེས་ཟབ་མོ་བྱས་ཤིང་། དུས་ཚོད་གཅིག་གི་རིང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བ་བཅུ་ལ་ལན་བཏབ།

ལིའུ་ཅེ་དབྱི་ཡིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ། འགོ་རྩོམ་ཚོགས་འདུ་དང་མཇུག་བསྡུ་ཚོགས་འདུ། ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་སྤེལ་བ་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། ཨུ་ཡོན་སྡོད་གནས་སོ་སོར་རིམ་པ་བཞིན་ལས་རིགས་མི་གཅིག་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་དང་ལས་རིགས་མི་གཅིག་པའི་ཨུ་ཡོན་གྱི་ཚན་ཆུང་གྲོས་ཚོགས་ཐེངས་མང་སྤེལ་རྒྱུ་དང་། སྡེ་ཁག་ཁ་ཤས་ཀྱིས་ལས་རིགས་མི་གཅིག་པའི་གྲོས་མོལ་ཚོགས་འདུ་ཐེངས་གཅིག་སྤེལ་རྒྱུ་བཅས་བཀོད་སྒྲིག་བྱས་ཡོད། འགོ་རྩོམ་ཚོགས་འདུ་དང་མཇུག་བསྡུ་ཚོགས་འདུའི་སྟེང་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་གདན་ཞུས་ལྟར་ཟུར་ཉན་བྱ་རྒྱུ་རེད། ཚེས3ཉིན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་གཞན། ཚོགས་ཆེན་གྱིས་ད་དུང་ཨུ་ཡོན་བགྲོད་ལམ་ཞེས་པའི་བཅར་འདྲིའི་བྱ་འགུལ་གསུམ་སྤེལ་རྒྱུ་རེད། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཚགས་སུ་ཆུད་ཡོད་ཟེར།

2023ལོ་ནི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འགན་སྒྲུབ་བྱེད་འགོ་བརྩམས་པའི་ལོ་རེད། ལིའུ་ཅེ་དབྱི་ཡིས་འདས་པའི་ལོ་གཅིག་གི་བྱ་བར་ཕྱིར་དྲན་བྱེད་སྐབས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེན་སྲུང་གསར་གཏོད་དང་། མཐུན་སྒྲིལ་འབད་འཐབ་བྱས་ནས་རྣམ་པ་བཟང་པོ་ཞིག་མངོན་པར་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ལམ་ལུགས་དང་མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་རང་མདངས་གསལ་བོ་ཁོང་དུ་ཟབ་མོར་ཆུད་པར་བྱས་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་བྱ་བའི་འཆར་འགོད་དང་། འགན་ནུས་སྒྲུབ་པ། རང་ངོས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོའི་སྟེང་དངོས་འབེབས་བྱེད་པ་རྒྱུན་འཁྱོངས་བྱས་ཡོད།

ཨུ་ཡོན་གྱི་ཆབ་སྲིད་ནུས་པ་དང་འགན་སྒྲུབ་འཇོན་ནུས་ཇེ་མཐོར་བཏང་ཡོད། རྒྱུན་རྣམ་ཅན་གྱི་ཆབ་སྲིད་གསོ་སྦྱོང་དང་ཨུ་ཡོན་དཔེ་ཀློག་བྱ་འགུལ་སྤེལ་ཏེ། གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་བསྣན་ཞིང་། ཨུ་ཡོན་དཔེ་ཀློག་བྱ་འགུལ་ལེགས་སྒྱུར་བྱས་ཏེ། ཨུ་ཡོན་རྣམས་ཀྱིས་དཔེ་ཀློག་དང་སློབ་སྦྱོང་བརྗེ་རེས་བརྒྱུད་དེ་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་དང་ཤེས་བྱའི་འཇོན་ནུས་མང་དུ་བསྐྱེད་ནས། འགན་སྒྲུབ་ཇུས་འབུལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཇུས་འབུལ་དམིགས་སུ་བཟུང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ཚད་གཞིར་བཟུང་བ་དང་།  འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་སོགས་ཀྱི་གྲོས་གཞིར་དམིགས་ཏེ། རིགས་སོ་སོའི་གྲོས་མོལ་བྱ་འགུལ་གོ་བཞི་སྤེལ། བརྟག་དཔྱད་ཞིབ་འཇུག་གི་གྲོས་མོལ་སྲིད་གླེང་ཐད་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཤུགས་དྲག་ཏུ་བཏང་སྟེ། རིགས་སོ་སོའི་བརྟག་དཔྱད་ཞིབ་བཤེར་དང་རྟོག་ཞིབ་བྱ་འགུལ་བརྒྱ་དང་སོ་བརྒྱད་སྤེལ།

ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་བསྣན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་མི་དམངས་སྲིད་གྲོས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ཤིང་། བྱ་བའི་ལམ་ལུགས་གྱ་བདུན་གཏན་འབེབས་དང་བཟོ་བཅོས་བྱས་ལ། སློབ་སྦྱོང་གསོ་སྦྱོང་དང་། བརྟག་དཔྱད་ཞིབ་བཤེར། གྲོས་མོལ་སྲིད་གླེང་སོགས་ཡོངས་སུ་ཁེབས་པར་བྱས།

མི་དམངས་སྲིད་གྲོས་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཞིག་ཀྱང་ཡིན།

ལིའུ་ཅེ་དབྱི་ཡིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱུན་ཆད་མེད་པར་གྲོས་མོལ་རྣམ་པ་ཕུན་སུམ་ཇེ་ཚོགས་དང་གྲོས་མོལ་སྤུས་ཚད་ཇེ་མཐོར་གཏོང་བ། གྲོས་མོལ་རྣམ་པའི་ལྟ་སྐུལ་དགེ་མཚན་འདོན་སྤེལ་བྱེད་པ། གྲོས་མོལ་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་རེ་འདུན་གླེང་བ་དང་མི་དམངས་ཀྱི་འདོད་བློ་མངོན་པར་བྱེད་རྒྱུ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་སྟེང་དངོས་འབེབས་བྱས་ཡོད།

གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཚང་འཛོམ་གྲོས་ཚོགས་གཙོར་འཛིན་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཆེད་དོན་གྲོས་མོལ་ཚོགས་འདུ་གཙོ་གནད་དུ་འཛིན་པ། གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་དང་། རྒྱང་བསྟེན་གྲོས་མོལ་ཚོགས་འདུ། གྲོས་གཞི་སྒྲུབ་པའི་གྲོས་མོལ་ཚོགས་འདུ་སོགས་རྒྱུན་རྣམ་ཅན་གྱི་གྲོས་མོལ་སྲིད་གླེང་གི་རྣམ་པ་འཐུས་ཚང་དུ་བཏང་ཡོད།

གྲོས་མོལ་གྱི་སྤུས་ཚད་དང་གྲུབ་འབྲས་མཐོར་འདེགས་བྱས་ཡོད། གྲོས་མོལ་གྱི་ནང་དོན་གཏིང་ཟབ་དང་གནད་དོན་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱས་ཏེ། གྲོས་མོལ་སྲིད་གླེང་གི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་བཏང་། རྟོག་ཞིབ་གཏིང་ཟབ་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་གྲོས་མོལ་གྱི་བྱ་བའི་རྨང་གཞི་རུ་བྱས་ཏེ། རྩ་འཛུགས་ཡོད་པའི་སྒོ་ནས་ཨུ་ཡོན་གྱི་སྣེ་ཁྲིད་དེ་གཞི་རིམ་དུ་ཟབ་ཞུགས་བྱས་པ་དང་། མང་ཚོགས་ཁྲོད་ཟབ་ཞུགས་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་བྱས།

གྲོས་མོལ་རྣམ་པའི་ལྟ་སྐུལ་དགེ་མཚན་འདོན་སྤེལ་བྱས་ཡོད། དམངས་གཙོ་ལྟ་སྐུལ་བྱ་བའི་ལག་བསྟར་བསམ་འཆར་ལེགས་བཅོས་དང་གཏན་འབེབས་བྱེད་པར་ཤུགས་བསྣན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་ཁྲོད་ཀྱི་གནད་དོན་གཙོ་བོར་དམིགས་ནས་ཆེད་དོན་དམངས་གཙོ་ལྟ་སྐུལ་བྱ་བ་སྤེལ་ལ། ཆེད་དོན་ལྟ་སྐུལ་སྙན་ཞུ་གྲུབ་པར་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པར་རོགས་འདེགས་བྱས།

གྲོས་མོལ་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་། རྣམ་པ་མི་འདྲ་བའི་གྲོས་མོལ་གཞིར་བཟུང་སྟེ། རིགས་བགར་ནས་ཚད་ལྡན་ལམ་ལུགས་དང་ལག་བསྟར་གོ་རིམ། བྱ་བའི་སྒྲིག་སྲོལ་བཅས་གྲུབ་པར་བྱས་ཤིང་། གྲོས་མོལ་གྲོས་གཞི་འདོན་པ་དང་། གྲོས་མོལ་བྱ་འགུལ་རྩ་འཛུགས་བྱེད་པ། གྲོས་མོལ་གྲུབ་འབྲས་བསྡུ་ལེན་དངོས་འབེབས་དང་ལན་སྤྲོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གོ་རིམ་ལུགས་མཐུན་ཡིན་ཞིང་། ཕན་ཚུན་སྦྲེལ་མཐུད་ཐུབ་པའི་འཁོར་སྐྱོད་བརྒྱུད་རིམ་གྲུབ་པར་བྱས།

ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འགོར་བའི་ལོའང་ཡིན། ལིའུ་ཅེ་དབྱི་ཡིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱི་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཕན་ཡོད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆབ་སྲིད་འགན་འཁྲི་སེམས་ལ་བཅངས་ནས། སྔར་ལས་ལྷག་པར་སློབ་སྦྱོང་གྲུབ་འབྲས་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པར་བསྒྱུར་ཏེ། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དུ་འགྱུར་བར་བྱེད་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱབ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བགྲོད་ལམ་ཆེན་པོ་ཞིག་ཡིན། ལིའུ་ཅེ་དབྱི་ཡིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་དང་། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྤེལ་བ་དང་། སྤུས་ཚད་མཐོ་བའི་རྟོག་ཞིབ་ལ་བརྟེན་ནས་གྲོས་མོལ་འགན་སྒྲུབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་ཇུས་འབུལ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ཁག་ཁུར་བྱེད་ཕྱོགས་མངོན་པར་བྱེད་དགོས།

དཔལ་འབྱོར་འཛུགས་སྐྲུན་ཕྱོགས་ནས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། ཆབ་སྲིད་འཛུགས་སྐྱོང་ཕྱོགས་ནས། གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་སོགས་ལ་དམིགས་ཏེ་གྲོས་གཞི་སྒྲུབ་པའི་གྲོས་མོལ་ལས་དོན་སྤེལ། རིག་གནས་འཛུགས་སྐྲུན་ཕྱོགས་ནས། ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་སོགས་ཇེ་དྲག་ཏུ་བཏང་ནས་གྲོས་མོལ་གཏིང་ཟབ་བྱས། སྤྱི་ཚོགས་འཛུགས་སྐྲུན་ཕྱོགས་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ཁུལ་ཁོངས་དོ་སྙོམ་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ནས། ནུས་ཁུངས་གསར་བའི་ཐོན་ལས་བསྐྱར་ཐོན་ཐོན་ཁུངས་ཕྱིར་བསྡུ་བེད་སྤྱོད་མ་ལག་མྱུར་དུ་འཛུགས་པ་སོགས་ཀྱི་གྲོས་གཞིར་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་སྐྱེས་སུ་ཕུལ།

ལིའུ་ཅེ་དབྱི་ཡིས་བསྟན་དོན། ལོ་གཅིག་གི་རིང་ལ། ཞབས་ཞུ་དམངས་ཀྱི་ཆེད་ཡིན་ཞེས་པའི་བྱ་འགུལ་བསྡོམས་པས་ཉིས་སྟོང་ལྔ་བརྒྱ་ཙམ་སྤེལ་ཏེ། དམངས་ཀྱི་སེམས་ཁུར་ལ་ལན་སྤྲད་ཅིང་། དམངས་ཀྱི་རེ་འདུན་མངོན་པར་བྱས་ཤིང་། བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སེལ་བ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས། དུས་མཉམ་དུ་མང་ཚོགས་ཀྱི་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱས་ཏེ། བྱ་བར་སྐུལ་འདེད་གཏོང་བའི་ཏན་ཏིག་གི་བྱེད་ཐབས་སུ་འགྱུར་བར་བྱས་ཟེར།

ལིའུ་ཅེ་དབྱི་ཡིས་བཤད་རྒྱུར། ད་ལོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ་ཇུས་འབུལ་ཤུགས་འདོན་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་། འཕེལ་རྒྱས་ཁྲོད་ཀྱི་དོན་དངོས་གནད་དོན་གལ་ཆེན་བཅས་ལ་དམིགས་ཏེ་འགན་སྒྲུབ་ཇུས་འདོན་བྱེད་རྒྱུ་ཡིན།

དཔལ་འབྱོར་གྲོས་གཞིར་ཨུ་ཡོན་གྱིས་དོ་སྣང་བྱེད་པ་ནི། སྲིད་གྲོས་གྲོས་མོལ་སྲིད་གླེང་གི་གཙོ་གནད་ཡིན། ལིའུ་ཅེ་དབྱི་ཡིས་བཤད་རྒྱུར། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། འདས་པའི་ལོ་གཅིག་གི་ནང་།  རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བདེ་ལེགས་ངང་མངོན་འགྱུར་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད་པར་འདོད།

དཔལ་འབྱོར་གནས་བབ་ལ་རྗེས་འདེད་ཞིབ་འཇུག་བྱས་ཏེ། ཚན་རིག་དམངས་གཙོའི་ཇུས་ཆོད་ལ་དཔྱད་གཞི་འདོན་སྤྲོད་བྱེད་དགོས། རྒྱལ་དོན་གྱི་ཆེ་ཕྱོགས་དང་། དམངས་ཀྱི་སེམས་ཁུར་ལ་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས། འབུར་ཐོན་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་དམིགས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་འགག་རྩ་ཐག་གཅོད་བྱེད་པར་ཇུས་གཞི་འདོན་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁོག་དཔལ་འབྱོར་དང་དཔལ་འབྱོར་གྲོས་གཞི་གལ་ཆེན་རབ་དང་རིམ་པའི་ཐད་གྲོས་མོལ་སྲིད་གླེང་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་རོགས་ཤུགས་འདོན་པའི་ཕྱོགས་ནས་ཏན་ཏིག་ཕན་ཡོད་ཀྱི་བྱ་བ་སྒྲུབ་དགོས།

དམངས་གཉེར་དཔལ་འབྱོར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། འདས་པའི་ལོ་གཅིག་ནང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ས་གནས་སྲིད་གྲོས་དང་འབྲེལ་ཡོད་སྡེ་ཁག་སོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་བདག་གཉེར་ལ་ཞིབ་འཇུག་བྱེད་པའི་ཁྲོད་ཀྱི་དོན་དངོས་དཀའ་ཁག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། རྒྱལ་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་སྟེགས་བུ་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་གཏོང་བར་སྒུལ་ནུས་གསར་བ་བསྣན།

ལས་ཞུགས་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད། ལིའུ་ཅེ་དབྱི་ཡིས་བཤད་རྒྱུར། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོས་སྤུས་ཚད་མཐོ་བའི་ལས་ཞུགས་སྐུལ་འདེད་གཏོང་བའི་ཐད་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པ་དང་། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཐབས་ལམ་རྒྱ་བསྐྱེད་པ་སོགས་ཕྱོགས་ལ་སྐུལ་འདེད་གཏོང་བར་ཇུས་གཞི་བཏོན་པར་མ་ཟད། གྲོས་གཞི་གོ་གཅིག་སྤྲད་པ་དང་། དོན་དངོས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་།

ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་མོ་བསྐྲུན་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། ལོ་གཅིག་གི་རིང་ལ། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཚོ་ཁུགས་ཆེན་མོའི་ཚོང་ར་གཞི་གཅིག་ཅན་དང་། ཐོན་ལས་གཞི་གྲངས་ཅན་འཛུགས་པ། ཁུལ་ཁོངས་བརྒལ་བའི་འཇོན་མི་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པ་སོགས་ཕྱོགས་སོ་སོར་སྐུལ་འདེད་བཏང་ནས་མཚོ་ཁུགས་ཆེན་མོའི་མཉམ་འདྲེས་ཟབ་མོ་དང་། མཐུན་སྦྱོར་འཕེལ་རྒྱས་ལ་ཆུ་ཚད་མཐོན་པོས་སྐུལ་འདེད་གཏོང་ཆེད་བློ་འདོན་ཇུས་འབུལ་བྱས།

ལིའུ་ཅེ་དབྱི་ཡིས་བཤད་རྒྱུར། ད་ལོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་དཔལ་འབྱོར་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ཐད་ནས་རྣམ་པ་སྣ་ཚོགས་པའི་གྲོས་མོལ་སྲིད་གླེང་བྱ་འགུལ་སྤེལ་ནས་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་དང་ལས་རིགས་སོ་སོའི་ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱེད་རྒྱུ་ཡིན་ཞིང་། མ་འོངས་པར་རྒྱང་བལྟ་བྱས་ན། རང་རྒྱལ་གྱི་དཔལ་འབྱོར་བབ་བསྟུན་རང་བཞིན་དྲག་པ་དང་། སྦས་ཤུགས་ཆེ་བ། གསོན་ཤུགས་ལྡན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་ཆ་རྐྱེན་བཟང་བོ་ཡོད་ལ། དཔལ་འབྱོར་དུས་ཡུན་རིང་བོར་ཇེ་བཟང་དུ་འགྲོ་བའི་རྣམ་པ་དེ་བསྟུད་མར་སྲ་བརྟན་དང་ཇེ་དྲག་ཏུ་འགྲོ་བར་མདུན་ལྗོངས་འོད་སྟོང་ལྡན་པ་ཡོད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཆེད་དུ་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་དགོས་ཟེར།

ཉིས་སྟོང་ཉེར་གསུམ་ལོ་ནི་རྒྱུད་གཅིག་ལམ་གཅིག་གྲོས་འགོ་བཏོན་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན། ལིའུ་ཅེ་དབྱི་ཡིས་བཤད་རྒྱུར། ལོ་ངོ་བཅུའི་ལག་ལེན་ལས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་མིའི་རིགས་ཀྱི་དར་རྒྱས་གོང་འཕེལ་གྱི་རླབས་རྒྱུན་དང་བསྟུན་ཡོད་ཅིང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པར་མ་ཟད། བཞི་མདོར་གནས་པའི་འཛམ་གླིང་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་བདེན་དཔང་ཐོབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཆེར་ཐོབ་ཡོད།

མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཆེད་དུ་ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱེད་པ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་བྱ་བའི་གཙོ་གནད་གལ་ཆེན་ཞིག་ཡིན། ལོ་གཅིག་གི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་ལྔ་བཅུའི་ལས་ཁུངས་ཉིས་བརྒྱའི་བར་བརྗེ་རེས་འབྲེལ་འདྲིས་བྱས་པ་དང་། རྒྱལ་ཁབ་ཞེ་གཅིག་གི་རིག་མཛོད་དང་དམངས་ཁྲོད་རྩ་འཛུགས་བཅུ་གཉིས་བར་འབྲེལ་བ་གསར་འཛུགས་བྱས་ཡོད་ལ། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ། མཐོ་རིམ་འཚམས་འདྲིའི་ཤེས་ལྡན་པ་དག་སྲིད་གྲོས་ནང་ཞུགས་པར་གདན་ཞུ་བྱེད་པ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ཚན་ཆུང་བཙུགས་པར་མ་ཟད། སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་མཚམས་སྦྱོར་བྱས།

ལིའུ་ཅེ་དབྱི་ཡིས་བཤད་རྒྱུར། རྒྱལ་ཁབ་སྔར་ལས་མང་བོའི་མི་དམངས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་འཕེལ་རིམ་ཁྲོད་སྲིད་ཇུས་འབྲེལ་འདྲིས་དང་སྒྲིག་ཆས་གཅིག་བརྟེན་གྱི་ཕན་འབྲས་བླངས་ཡོད་པ་དང་། ཉོ་ཚོང་གེགས་མེད་དང་དངུལ་ལོར་གེགས་མེད་ཀྱི་དངོས་ཕན་མཉམ་སྤྱོད་བྱས་ཡོད་པར་མ་ཟད། དམངས་སེམས་གཅིག་མཐུན་གྱི་དྲོད་ཁོལ་ཡང་མྱངས་ཡོད་ཟེར།

ལིའུ་ཅེ་དབྱི་ཡིས་བསྟན་དོན། ད་ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕྱི་ཕྱོགས་བརྗེ་རེས་བྱ་འགུལ་རྒྱ་ཆེར་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། གྲོགས་པོ་མང་བོའི་བར་འབྲེལ་འདྲིས་ཟབ་མོ་བྱས་ཏེ། འཛམ་གླིང་ཧྲིལ་བོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོར་རྒྱུས་ལོན་དང་། ཀྲུང་གོའི་སྲིད་གྲོས་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།