ཞི་ཅིན་ཕིང་གིས་འགོ་འཛིན་གནང་ནས་དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་འགོ་འཛིན་གནང་ནས། དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དབུས་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། ནུས་ཁུངས་མ་བཅོས་རྒྱུ་ཆའི་རྟེན་གཞི་གལ་ཆེན་ཡིན་ལ། དེང་རབས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་དེ་བཞིན་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི་གལ་ཆེན་ཡིན་པར་མ་ཟད། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟེ་བ་བཅས་ཡིན་པའི་དབང་གིས། རྒྱལ་ཡོངས་སུ་གོ་གནས་གལ་ཆེན་ལྡན། ཏང་ཀྲུང་དབྱང་གིས་བཏོན་པའི་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཐད་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་གྲུབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུས་ཤུགས་ཡོད་རྒུས་དབུས་རྒྱུད་ས་ཁུལ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས།

ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་འགོ་འཛིན་གནང་ནས། དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཐང་ཏིན་ཅེ། ཨན་ཧོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧན་ཅུན། ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡུས་ཧུང་། ཧི་ནན་ཞིང་ཆེན་ཏང་ཨུའིཧྲུའུ་ཅི་ལོའུ་དབྱང་ཧྲིན། ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་མིན་ཧོས། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཞའོ་མེན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་དེ། དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ་བར་མ་ཟད། དེ་འབྲེལ་གྱི་བསམ་འཆར་དང་གྲོས་འགོ་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐེངས་སྔོན་མར་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ5འཁོར་བའི་རིང་ལ། དབུས་རྒྱུད་ས་ཁོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ལ། ཐོན་ལས་ཀྱི་རྨང་གཞི་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད་ཅིང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཐད་ནས་གོམ་སྟབས་གསར་པ་སྤོས་ཡོད། དེ་མིན་ད་དུང་སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན་ཡོད་ལ། ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་ཡོད་ཅིང་། དབུས་རྒྱུད་ས་ཁུལ་འཕེལ་རྒྱས་དེ་འགོ་རྩོམ་ས་སྔར་ལས་མཐོ་བའི་སྟེང་སླེབས་ཡོད། དུས་མཚུངས་སུ། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་པའང་ཤེས་རྟོགས་ཐུབ་པར་བྱས་ནས། དེ་བསྟུན་གྱི་ཞིབ་འཇུག་དང་ཐག་གཅོད་ནན་མོ་བྱེད་དགོས་ཞེས་གསུངས།

ཟླ3པའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་འགོ་འཛིན་གནང་ནས། དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་ཁྲིད་སྟོན་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་དགོས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་འདིའི་སྟེང་རྐང་ཚུགས་པར་བྱས་ཏེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གང་ལེགས་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། དེང་ཚད་ལས་བརྒལ་བའི་སྒོ་ནས་འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བཅས་བྱས་ཏེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་ངང་འཛུགས་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྔར་ལས་མཐོང་ཆེན་བྱེད་རྒྱུ་དང་། ཚན་རྩལ་གྱི་མཁྲེགས་གཏོར་གལ་ཆེན་ལ་ཤུགས་སྣོན་པ། ཐོན་ལས་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་མངོན་སུམ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་པ་དང་། གོང་འོག་མཉམ་ལས་དམ་ཟབ་བྱེད་པའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པ། ཐོན་སློབ་ཞིབ་གསུམ་རྒྱུན་འཁོར་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གལ་ཆེན་བསྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་བཟོ་སྐྲུན་ལག་བསྟར་ཟབ་སྤེལ་བྱེད་རྒྱུ་དང་། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་པར་འབད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གཞན་དག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་མཉམ་འདྲེས་དང་འདེགས་སྐྱོར་ནུས་ལྡན་ཡོང་བར་བྱེད་དགོས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་དང་འབྲེལ་མཐུད་དམ་ཟབ་ཡོང་བར་ཤུགས་སྣོན་པ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་འདྲེས་མཉམ་འགུལ་ཡོང་བར་ཤུགས་སྣོན་དགོས། གོ་རིམ་ལྡན་པའི་སྒོ་ནས་ཐོན་ལས་སྐས་རིམ་ལྟ་བུའི་སྤོ་སྒྱུར་དང་ལེན་བྱེད་རྒྱུ་དང་། ཐོན་ལས་ཀྱི་གནས་སྟངས་སྔར་ལས་ཇེ་ལེགས་སུ་གཏོང་དགོས། དེང་རབས་ཅན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུས་རྒྱུད་ས་ཁུལ་གྱི་བགྲོད་ལམ་ཆེན་པོའི་གནས་སྟངས་ལ་ཤུགས་སྣོན་དགོས། ས་ཁོངས་ནང་གནས་ཞིང་ཆེན་བར་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། འབྲི་ཆུའི་དཀྱིལ་རྒྱུད་གྲོང་ཁྱེར་ཚོགས་པ་དང་དབུས་རྒྱུད་གྲོང་ཁྱེར་ཚོགས་པ་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་ཤུགས་ཆེན་བྱེད་རྒྱུ་དང་། གྲོང་ཁྱེར་ཚོགས་པའི་བར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ། ཉེ་འཁོར་ས་ཁུལ་ལ་སྔར་ལས་ལེགས་པའི་སྒོ་ནས་ཁྱབ་འགྱེད་དང་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། འགྲན་རྩོད་ནུས་པ་སྔར་བས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་མཐོ་ས་མུ་མཐུད་བསྐྲུན་དགོས། རྒྱུ་རྐྱེན་གཙོ་བོའི་ཚོང་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་དང་། ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ས་གནས་སྲུང་སྐྱོབ་ཀྱི་བྱ་སྤྱོད་ཁྱོན་ཡོངས་ནས་གཙང་བཤེར་དང་ཡོ་བསྲང་བྱེད་པ། ཐོན་སྐྱེད་ནུས་ཤུགས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ས་ཁོངས་ལས་བརྒལ་ཏེ་འགྲོ་རྒྱུག་ལུགས་མཐུན་དང་བཀོད་སྒྲིག་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོའི་འཛུགས་སྐྲུན་ཁྲོད་སྔར་ལས་ལེགས་པའི་སྒོ་ནས་ཞུགས་པ་བཅས་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ། ཨེ་ཤ་ཡ་དང་ཡོ་རོབ་གཉིས་ཀྱི་སྐམ་སའི་ཟམ་པ་གསར་པ་དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པར་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པ། ཚད་གཞི་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཉམ་ལས་ལས་སྟེགས་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་སྦྲེལ་མཐུད་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་འགུག་ཤུགས་ཆེ་རུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱལ་དབང་ཁེ་ལས་སྔར་ལས་སྟོབས་ལྡན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་དབུས་རྒྱུད་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་མུ་མཐུད་ཟབ་སྤེལ་བྱས་ནས། གཙང་པོ་དང་ཆུ་བོ་ཆེ་གྲས་དང་མཚེའུ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་མ་ལག་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་། མཐུན་སྦྱོར་བཅོས་སྐྱོང་བཅས་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་གྱི་སྒྲིག་ཆས་ཞན་ཆ་གང་མགྱོགས་ངང་གསབ་དགོས། ཐོན་ལས་དང་ནུས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་གྲུབ་ཚུལ་ལྗང་མདོག་ཐཱན་ཉུང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གང་མགྱོགས་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་རེས་མོས་ཀྱི་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སྤྱི་པའི་ཐོན་ཁུངས་ཆ་སྙོམས་བཀོད་སྒྲིག་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་ཁྱབ་པར་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ། ཞིང་ལས་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་ཞིང་དར་ཞིང་ཕན་དམངས་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བཅས་བྱེད་དགོས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གང་ལེགས་བཏང་ནས། འཕར་གཞི་གསར་པ་གྲུབ་པར་བྱེད་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། དར་རྒྱས་ཞན་པའི་རྫོང་དང་གྲོང་ཁྱེར་དང་ཆུའུ་བཅས་དར་རྒྱས་གོང་འཕེལ་ཡོང་བར་མཐོང་ཆེན་གང་ལེགས་བྱས་ནས། སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། ནང་གནས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞི་ཁྱོན་ཆེ་བའི་ངང་ནས་དབུལ་པོ་ཡང་བསྐྱར་མི་འབྱུང་བར་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་སྔར་ལས་འཐུས་སྒོ་ཚང་དུ་བཏང་ནས། གཞི་ཁྱོན་ཆེ་བའི་དབུལ་པོ་ཡང་བསྐྱར་མི་འབྱུང་བའི་ཐད་སྔོན་འགོག་གང་ལེགས་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཏང་གི་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་གཞི་གཅིག་ཅན་གྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱས་ཏེ། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་ཅི་ཐུབ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ཁུལ་བཅས་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ལས་སྣོན་མཁོ་འདོན་རྟེན་གཞི་ཁག་ཅིག་བཙུགས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། རྡོ་སོལ་དང་ས་དཀོན་སོགས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། རྡོ་སོལ་སོགས་ཀྱི་འགྱུར་རྡོའི་ནུས་ཁུངས་ཀྱི་མཐའ་སྐྱོང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ། རྣམ་པ་གསར་པའི་ནུས་ཁུངས་མ་ལག་གང་མགྱོགས་ངང་འཛུགས་པ། སྲོལ་རྒྱུན་གྱི་ནུས་ཁུངས་དང་ནུས་ཁུངས་གསར་པའི་ནུས་ཁུངས་མང་པོ་ཕན་ཚུན་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་དོ་སྣང་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་རྒྱུ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པའི་ནང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་ནན་མོ་བྱས་ནས་འདོན་དགོས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲི་འཁུར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། གཙོ་གནད་ལས་ཀའི་ལས་འགན་དང་བཅོས་སྒྱུར་གྱི་ལས་དོན་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བློ་དཀར་བ་དང་སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཐད་ཤུགས་སྣོན་པ། དཔྱད་ཞིབ་སྐུལ་སློང་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། ལས་བྱེད་པས་བློ་ཁོག་ཆེན་པོས་གསར་འབྱེད་གསར་གཏོད་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། དབུས་རྒྱུད་ས་ཁུལ་དེ་རྒྱལ་ཁབ་ཀྱི་འཆར་གཞི་ཧྲིལ་པོའི་ནང་འཇོག་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་པའི་ཁྲོད་བཞག་ནས་དེའི་ངེས་གནས་བསམ་གཞིག་བྱས་ཏེ། ས་ཁོངས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་འགྱུར་བར་བྱེད་དགོས། དབུས་རྒྱུད་ས་ཁུལ་གྱིས་རང་འགུལ་ངང་ས་ཁོངས་གཞན་དག་གི་འཕེལ་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་བྱེད་རྒྱུ་དང་། ཤར་རྒྱུད་ས་ཁུལ་གྱི་ཐོན་ལས་གསར་གཏོད་ཐོན་ཁུངས་ནང་འདྲེན་ཁྲོད་འབད་པས་ཞུགས་པ། ནུབ་རྒྱུད་ས་ཁུལ་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་སུམ་ཆེ་རུ་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཞན་ཆ་གསབ་རྒྱུར་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་ཐད་ལེགས་ཆ་འདོན་སྤེལ་དང་སྦས་ཤུགས་འདོན་སྤེལ་བྱས་ནས། ས་ཁོངས་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་སྤྱི་ཡོངས་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ། དབུས་རྒྱུད་ས་ཁུལ་གྱི་སྤྱི་ཡོངས་ཀྱི་དངོས་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དངདེ་ལག་ལེན་མཐར་ཕྱིན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་པ་དང་། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གང་མགྱོགས་གཏོང་དགོས། འབྲུ་རིགས་དང་ནུས་ཁུངས། ཐོན་ཁུངས་བཅས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་མངོན་སུམ་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྐྲུན་དགོས་ཞེས་གསུངས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཝུའུ་ཀྲིན་ལུང་། མུའུ་ཧུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་ཁུལ། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།