ཞི་ཅིན་ཕིང་གིས་ཨུ་རུ་སིར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
2024.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་མོ་སི་ཁོ་མངའ་སྡེ་ཡི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས། མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ཁྱོད་ཚོའི་རྒྱལ་ཁབ་ཀྱི་མོ་སི་ཁོ་མངའ་སྡེ་ཡི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུས་པ་ཡིན་ལ། དེ་བཞིན་རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། འཇིགས་སྐུལ་འཇབ་རྒོལ་གྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་ངེས་པར་མ་ཟད། ཨུ་རུ་སི་སྲིད་གཞུང་གིས་རང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྲུང་གོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།