《ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས།
2024.03.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགསཞེས་པའི་དཔེ་དེབ་དེ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྒྱུན་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་འགོ་བརྩམས་ཏེ་དངུལ་རྩའི་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་གཅིག་འདོམས་འཆར་འགོད་ལ་ཤུགས་བསྣན་པ་དང་། དངུལ་རྩའི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་དུས་རབས་གསར་བའི་དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དངུལ་རྩའི་ངོ་བོའི་ཐད་ཀྱི་ངོས་ཟིན་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། དངུལ་རྩའི་ལག་ལེན་གསར་གཏོད་དང་གཞུང་ལུགས་གསར་གཏོད། སྒྲིག་སྲོལ་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རིམ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད། བློ་མཐུན་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་བའི་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་རྣམ་བཤད་གལ་ཆེན་མང་པོ་བཏོན་པ་དང་།གཟིགས་རྒྱང་རིང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་པ་གཏིང་ཟབ་པས་ང་ཚོའི་ཏང་གི་དངུལ་རྩའི་བྱ་བའི་ངོ་བོའི་ཆོས་ཉིད་དང་འཕེལ་རྒྱས་བགྲོད་ལམ་ཐད་ཀྱི་ངོས་ཟིན་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དངུལ་རྩའི་གནད་དོན་སྐོར་གྱི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དངུལ་རྩའི་ལེའུ་གྲུབ་ཡོད། དུས་རབས་གསར་བ་དང་སྐྱོད་ལམ་གསར་བར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཤུགས་དང་ལྡན་པའི་དངུལ་རྩའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་པས་དོན་སྙིང་གལ་ཆེན་ལྡན།

《ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དེ་ཆེད་སྒྲིག་བཅུ་རུ་དབྱེ་ཡོད་པ་དང་ཁྱོན་སྡོམ་རྣམ་བཤད་ཁག་སུམ་བརྒྱ་ཉེར་བཞིས་གྲུབ་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11ནས2024ལོའི་ཟླ2པའིབར་གྱི་སྙན་ཞུ་དང་གསུང་བཤད། གསལ་བཤད། འཆད་ཁྲིད་སོགས་རྩོམ་ཡིག་གལ་ཆེན་བརྒྱ་དང་ཉི་ཤུ་ལྷག་སྤེལ་ཡོད། དེའི་ཁྲོད་ཀྱི་རྩོམ་ཡིག་ཁ་ཤས་ཤིག་ཐོག་དང་པོར་ཡོངས་བསྒྲགས་གྱིས་སྤེལ་བ་རེད།

མི་ཕམ་མགོན་པོས་བསྒྱུར།