ཞི་ཅིན་ཕིང་གིས་ཧོང་ཏུ་ར་སིའི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུས།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧོང་ཏུ་ར་སིའི་ཙུང་ཐུང་ཁཱ་ཟི་ཐི་ལའོ་ཡིས་ཕན་ཚུན་བར་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ན་ནིང་གི་ཟླ་གསུམ་པའི་ནང་དུ། ཀྲུང་གོས་ཧོང་ཏུ་ར་སིའི་བར་དངོས་སུ་འབྲེལ་བ་བཙུགས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བའི་སྒོ་འཕར་ཕྱེས་ཡོད། ན་ནིང་གི་ཟླ་དྲུག་པའི་ནང་དུ། ལྕམ་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་མཉམ་དུ་གྲོས་མོལ་བྱས་ཏེ་ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སྟེ། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་པར་ངས་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་དངོས་སུ་འབྲེལ་བ་བཙུགས་པ་དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ་གཏན་འཁེལ་བྱས་པའི་ཆབ་སྲིད་ཀྱི་ཐབས་ཇུས་ཡང་དག་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་དོན་དངོས་ཀྱིས་ར་སྤྲོད་གསལ་བོ་བྱས་ཡོད། ངས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་ཁཱ་ཟི་ཐི་ལོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བ་གོ་སྐབས་སུ་བརྩིས་ནས། ཕན་ཚུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཁཱ་ཟི་ཐི་ལོ་ཡིས་ཀྲུང་གོར་ལོ་ངོ་སྟོང་གི་ཤེས་རིག་ལྡན་ཞིང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་པས། འཛམ་གླིང་གི་མིག་དཔེ་ཡིན་ལ་ཧོང་ཏུ་ར་སིའི་ཟླ་གྲོགས་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བའི་རིང་ལ། ང་ཚོས་ཀྲུང་གོས་གསར་གཏོད་འཕེལ་རྒྱས་ལ་རྩེ་གཅིག་ཏུ་གཞོལ་ནས། འཛམ་གླིང་ཧྲིལ་པོའི་གནད་དོན་ཐག་གཅོད་ཇུས་གཞིར་མཉམ་དུ་གྲོས་བསྡུར་བྱས་ཏེ། འཛམ་གླིང་ཧྲིལ་པོའི་དབུལ་སེལ་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་བའི་གནས་ཚུལ་ལ་བདེན་དཔང་བྱས། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ། རང་བཙན་རང་བདག་དང་ཕན་ཚུན་བརྩི་འཇོག་བྱེད་པའི་ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་ཡུན་ནས་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།