ཞི་ཅིན་ཕིང་གིས་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་དང་གྲོས་མོལ་གནང་།
2024.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་དང་གྲོས་མོལ་གནང་།

ཟླ4པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཞི་སྨི་ནཱ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ། ཞི་སྨི་ནཱ་དང་ལྕམ་མོ་ཨན་ཟི་ལིས་ལ་སྣེ་ལེན་མཛད་སྒོ་བསྡུ་བའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཛའ་མཐུན་མཉམ་ལས་བྱེད་པ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བཅས་ལ་མཐའ་གཅིག་ཏུ་གཞོལ་བའི་དབང་གིས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་མངོན་སུམ་གྱིས་ཇེ་ཆེར་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་འབད་པས་ཞུགས་པ། དཔལ་འབྱོར་དར་རྒྱས་གཏོང་བ་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བ་འགོ་རྩོམ་ས་གསར་པར་བརྩིས་ནས། རིམ་པ་སོ་སོའི་བར་ཕན་ཚུན་བརྗེ་རེས་དང་ཕན་ཚུན་བར་གྲོས་མོལ་རྒྱུན་འཁྱོངས་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ཆབ་སྲིད་ཀྱི་གནས་བབ་བརྟན་སྲུང་བྱེད་རྒྱུ་དང་། གཉིས་ཕན་གཉིས་རྒྱལ་དང་ཐུན་མོང་འཕེལ་རྒྱས་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ལས་གཞིའི་མཉམ་ལས་ལ་ཤུགས་སྣོན་པ། རིག་གནས་དང་འཕྲོད་བསྟེན། སློབ་གསོ། ས་གནས་སོགས་མི་གཞུང་རིག་གནས་བརྗེ་རེས་ཟབ་སྤེལ་བྱེད་དགོས། སྨི་ཁེ་ལོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ན་གཞོན་སྔར་ལས་མང་པོ་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ས་གནས་ཀྱི“སྨན་པ་གླིང་ཕྲན་སྟེང་སྐྱེལ་བ”དང“ཟློས་གར་མཚོ་ཐོག་ཏུ་སྟོན་པ”སོགས་ཀྱི་ལས་གཞི་ལ་ཁྱེད་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པས། ཕྱོགས་གཉིས་ཀས་དེ་དང་ཆ་འདྲ་བའི་ལས་གཞི་སྔར་ལས་གང་མང་སྤེལ་ཆོག་ཆོག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་འོག་སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རོགས་སྐྱོར་བྱེད་རྒྱུ་དང་ནུས་པ་འཛུགས་སྐྱོང་གི་གསོ་སྦྱོང་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་ཏུ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཇེ་ཆེར་བཏང་ནས། ཕྱོགས་མང་རིང་ལུགས་མཉམ་དུ་ལག་བསྟར་བྱས་ཏེ། དྲང་བདེན་དང་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་དུ་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མི་དམངས་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ལྡན་ལ། ཐུན་མོང་གི་འཕེལ་རྒྱས་དགོས་མཁོའང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི། ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་ནང་ཕན་ཚུན་རོགས་རམ་བྱེད་པ་ཞིག་ཡིན་པ་ལས་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། ཕྱོགས་གསུམ་པའི་འགལ་རྐྱེན་ཡང་བཟོ་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་སྐབས། གླིང་ཕྲན་རྒྱལ་ཁབ་ཀྱི་རང་བདག་རྒྱུན་འཁྱོངས་དང་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བཅས་བྱེད་དགོས་པའི་ལྟ་སྟངས་འཛིན་གྱིན་ཡོད།  གླིང་ཕྲན་རྒྱལ་ཁབ་ལ་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འདེམས་དབང་ཡོད་པ་དང་། འཕེལ་རྒྱས་ཀྱི་ཟླ་གྲོགས་ཚང་མའི་བར་མཛའ་མཐུན་མཉམ་ལས་བྱེད་པའི་དབང་ཆའང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་འཕེལ་རྒྱས་ལ་མུ་མཐུད་རང་ནུས་ཡོད་་ཚད་ཀྱིས་རྒྱབ་སྐྱོར་བྱས་ནས། ཕྱོགས་གསུམ་པའམ་ཡང་ན་ཕྱོགས་མང་པོའི་བར་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས།

ཞི་སྨི་ནཱ་ཡིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཏུ། ཞིང་ལས་དང་ཉ་ལས། དཔལ་འབྱོར་ཚོང་དོན། དངུལ་གཏོང་། ཡུལ་སྐོར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་འདོད་ཡོད།  ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་ཀྲུང་གོས་མཉམ་ལས་བྱས་པ་དེས། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་ངེས་ཅན་ཡོད་པས། སྨི་ཁེ་ལོ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་མུ་མཐུད་དུ་བྱ་རྒྱུར་སྐུལ་འདེད་གང་ལེགས་གཏོང་རྒྱུ་ཡིན་ཞེས་བསྟན།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལྗང་མདོག་འཕེལ་རྒྱས། ཞིང་ལས། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་ཆས། འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ། ཞི་སྨི་ནཱ་དང་ལྕམ་མོ་ཨན་ཟི་ལིས་ལ་སྣེ་ལེན་མཛད་སྒོ་བསྡུས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཞི་སྨི་ནཱ་བཟའ་ཟླ་གཉིས་ལ་སྣེ་ལེན་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།