བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ《ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་བསྣན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་སྤེལ།
2024.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས16ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བརྒྱད་པའི་སྟེང་དུ།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ《ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་བསྣན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་སྤེལ།   དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ8ནས2023ལོའི་ཟླ9པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གནད་བཏུས་བྱས་ཡོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།  ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་རིང་ཞིང་རྒྱུན་མ་ཆད་པ་དེས་རླབས་ཆེ་བའི་ང་ཚོའི་མི་རིགས་འདི་བསྐྲུན་པ་རེད།   རིག་དངོས་དང་ཤུལ་བཞག་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་ཐེག་ཡོད་པ་དང་། དེ་ནི་ཡང་བསྐྱར་བསྐྱེད་མི་ཐུབ་པ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་རིག་གི་ཐོན་ཁུངས་ཡིན།   དེ་ང་ཚོའི་མི་རབས་འདིར་དབང་བར་མ་ཟད།   མི་རབས་རྗེས་མར་ཡང་དབང་བ་ཡིན།   ཏང་ཀྲུང་དབྱང་གི་སྲུང་སྐྱོབ་གཙོར་འཛིན་དང་དོ་དམ་ལ་ཤུགས་སྣོན།   རིན་ཐང་སྔོག་འདོན།   ནུས་ཡོད་བཀོལ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ་རིག་དངོས་ལ་གསོན་ཤུགས་ལྡན་པར་བྱེད་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན།    རིག་དངོས་དང་ལོ་རྒྱུས།  རིག་གནས་བཅས་ལ་གསོན་ཤུགས་ལྡན་པར་བྱེད་དགོས།    སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་མ་ལག་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་རིག་དངོས་དང་ཡངས་པའི་ས་གཞིའི་སྟེང་ཡོད་པའི་ཤུལ་བཞག    གནའ་བོའི་དེབ་ཐེར་དུ་བཀོད་པའི་ཡི་གེ་ཚང་མར་གསོན་ཤུགས་ལྡན་པར་བྱེད་དགོས།    རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་བསྣན་ནས་རིག་དངོས་ཞིབ་འཇུག་འགྲེལ་བཤད་དང་འགྲེམ་སྟོན་བརྒྱུད་སྒྲོག་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  ཕུལ་བྱུང་སྲོལ་རྒྱུན་ཡུལ་སྲོལ་རིག་གནས་སྔོག་འདོན་དང་རྒྱུན་འཛིན།  གསར་གཏོད་བཅས་བྱས་ཏེ་རང་རྒྱལ་གྱི་ལོ་རྒྱུས་རིང་བའི་རྨོ་འདེབས་རིག་གནས་ལ་དུས་རབས་གསར་པའི་ནང་འགུག་ཤུགས་དང་གཟི་མདངས་ལྡན་པར་བྱེད་དགོས།   རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུབ་སྐྱོབ་ཐད་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ་དང་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་ལ་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས།   གསར་བརྗེའི་རིག་གནས་དར་སྤེལ་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བཟང་བོ་དང་དོ་དམ་བཟང་བོ།  བེད་སྤྱོད་བཟང་བོ་བཅས་བྱེད་དགོས།    ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་གྱི་སྤྱི་ཚོགས་སྣང་ཚུལ་བཟང་བོ་བསྐྲུན་ནས་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ་དང་ལྷག་པར་དུ་ན་གཞོན་ལོ་ཆུང་དག་གིས་ཀྲུང་ཧྭའི་ཤེས་རིག་ཤེས་རྟོགས་དང་དེར་ངོས་འཛིན་བཟང་བོ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་པ་བྱེད་པའི་བློ་སྤོབས་དང་གདིང་ཤུགས་ཆེ་རུ་བསྐྱེད་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།   འཛམ་གླིང་ནི་སྣ་མང་ཕུན་ཚོགས་ཀྱི་ཤེས་རིག་གིས་གྲུབ་པ་ཡིན་ལ།   ཀྲུང་གོ་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་དང་རིག་གནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན།  ཀྲུང་ཧྭའི་ཤེས་རིག་གིས་གནའ་ནས་བཟུང་ཤེས་རིག་མི་འདྲ་བའི་བར་གྱི་ཕན་ཚུན་བརྗེ་རེས་དང་བརྩི་འཇོག་ལ་བསྟོད་བསྔགས་བྱེད་པ་ཡིན།   འཛམ་གླིང་གི་ས་ཁུལ་སོ་སོའི་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས་རིག་གནས་དར་རྒྱས་གོང་འཕེལ་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ།   ཤེས་རིག་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་།   འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་ལག་བསྟར་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་འབུལ་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།