《ཞི་ཅིན་ཕིང་གི་འཇོན་མིའི་ལས་དོན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།
2024.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི 《ཞི་ཅིན་ཕིང་གི་འཇོན་མིའི་ལས་དོན་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དེབ་དེ། ཉེ་ལམ། ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

བྱས་རྗེས་འཇོན་ཐང་ལས་བྱུང་ཞིང་བྱ་གཞག་འཇོན་ཐང་ལས་འཕེལ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་འཇོན་མི་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ནི། རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཡིན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཇོན་མི་གསོ་སྐྱོང་དང་འཇོན་མིར་མཐུན་སྒྲིལ། འཇོན་མིར་སྣེ་ཁྲིད། འཇོན་མི་གྱི་ཕུགས་བསམ་འགྲུབ་པར་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་འཇོན་མིར་མཐུན་སྒྲིལ་དང་རྒྱབ་སྐྱོར་བྱས་ནས། ཏང་དང་མི་དམངས་ཀྱི་ལས་དོན་ཐད་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་གཏོང་གིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། འཇོན་མི་ནི་ཐོན་ཁུངས་ཆེས་གཙོ་བོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཆེས་གཙོ་བོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་འཇོན་མིའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། འཇོན་མིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་གཏན་འཁེལ་བྱས་པས། དུས་རབས་གསར་པའི་འཇོན་མིའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་འཇོན་མིའི་ལས་དོན་ལ་དམིགས་བཙུགས་ཏེ་བཏོན་པའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར། བློ་རྩ་བརྟན་ལ་ཕུགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེས་འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་པ་དང་འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་ཞེས་པ་དེ་ཅི་ལྟ་བུ་ཞིག་ཡིན་པ། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་བྱས་ནས་འཛུགས་སྐྲུན་བྱེད་དགོས་པ་བཅས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གསལ་བོ་བཏབ་ཡོད་པ་དེ། དུས་རབས་གསར་པའི་འཇོན་མིའི་ལས་དོན་གྱི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། འཛམ་གླིང་སྟེང་གི་གལ་ཆེ་བའི་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་བྱེད་པའི་རླབས་ཆེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་འཇོན་མིའི་རྒྱབ་རྟེན་འདོན་སྤྲོད་བྱེད་པ་དང་། འཇོན་མིའི་རྨང་གཞི་བཟང་བོ་འདིང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། 

《རྒྱས་བཤད་བཏུས་བསྒྲིགས》དེ་ཆེད་དོན་བདུན་དང་རྒྱས་བཤད་དུམ་བུ248དུ་དབྱེ་ཡོད་ཅིང་། དེབ་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ12པ་ནས2024ལོའི་ཟླ3པའི་བར་གྱི་སྙན་ཞུ་དང་གསུང་བཤད། མཛུབ་སྟོན། མཆན་བཀོད། རྟེན་འབྲེལ་ཞུ་ཡིག འཕྲིན་ལན་སོགས་ཡིག་ཚགས་གལ་ཆེན110ལྷག་བཏུས་བསྒྲིགས་བྱས་ཡོད། དེའི་ནང་གི་རྒྱས་བཤད་ཁག་ཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་ཐོག་མ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།