ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་མཇལ་འཕྲད་གནང་།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་ཡིན། ལོ་ངོ45རིང་གི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བས་ཀྱག་ཀྱོག་ཆེ་བའི་མདུན་ལམ་མང་པོ་ཞིག་བརྒྱུད་མཐར། གཞི་ནས་ང་ཚོར་བློ་སྒོ་ཆེན་པོ་མང་དུ་ཕྱེས་ཡོད་དེ། རྒྱལ་ཁབ་གཉིས་སྔར་སྲོལ་བཞིན་ཟླ་གྲོགས་སུ་འགྱུར་དགོས་པ་ལས་ཁ་གཏད་དུ་གཏན་ནས་མི་རུང་བ་དང་། ཕན་ཚུན་བར་ཕན་འབྲས་ཐོབ་པར་འབད་རྒྱུ་ལས་ཕན་ཚུན་བར་གནོད་པ་གཏན་ནས་སྐྱེལ་མི་རུང་ལ། མཐུན་པ་འཚོལ་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་དགོས་པ་ལས་ངན་སེམས་བཅངས་ནས་འགྲན་རྩོད་བྱེད་མི་རུང་། དེ་མིན་ད་དུང་བཤད་ཟིན་པའི་སྐད་ཆར་ངེས་པར་དུ་ཡིད་ཆེས་བྱེད་རྒྱུ་དང་ལག་བསྟར་བྱས་ཟིན་པའི་བྱ་སྤྱོད་ལ་ཅིས་ཀྱང་གྲུབ་འབྲས་ཐོབ་པར་བྱེད་དགོས་པ་ལས། ཁ་བཤད་དོན་ལ་མ་གནས་ན་གཏན་ནས་མི་འགྲིག ངས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་ཆེན་པོ་གསུམ་བཏོན་པ་ནི་འདས་ཟིན་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ། མ་འོངས་པར་ཁ་ཕྱོགས་པའི་མཛུབ་སྟོན་ཞིག་ཀྱང་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་གཟའ་འཁོར་གསུམ་གྱི་སྔོན་ལ། ངས་ཙུང་ཐུང་པའེ་ཏིན་ལ་ཁ་པར་གྱི་ལམ་ནས་ད་ལོའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་མནོ་བསམ་སྐོར་ནས་གླེང་མོལ་བྱས་པ་ཡིན་ལ། ཕྱོགས་གཉིས་ཀས་ཞི་བདེ་རྩ་ཆེན་དུ་འཛིན་པ་དང་བརྟན་བརླིང་གཙོ་བོར་འཛིན་པ། ཡིད་ཆེས་རྩ་བར་འཛིན་དགོས་པའི་བསམ་འཆར་བཏོན་ཡོད།  ངས་ད་དུང“དོན་ཆེན་སྒྲུབ་ན་དོན་ཆུང་ངང་གིས་འགྲུབ་ངེས”ཞེས་ནན་བཤད་བྱས་མྱོང་། དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་འཕྲད་ཡོད་པས། འགྱུར་ལྡོག་དེར་ཁ་གཏད་ཇི་ལྟར་འཇལ་རྒྱུ་ནི་དུས་རབས་ཀྱི་དྲི་བ་དང་འཛམ་གླིང་གི་དྲི་བ་ཞིག་ཡིན། ངས་བཏབ་པའི་ལན་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། དེ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་དར་ཆ་ཞིག་ཏུ་གྱུར་ཡོད་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་དྲིས་ལན་དེར་དགའ་གུས་བྱེད་བཞིན་ཡོད། སའི་གོ་ལ་འདི་འདྲའི་ཆེ་ནའང་མིའི་རིགས་ལ་འཕྲད་ཀྱིན་པའི་ཐུན་མོང་གི་འགྲན་སློང་ནི་སྔར་བཞིན་གང་མང་ཡིན། ཀྲུང་གོའི་གནའ་མིས“བསམ་པ་གྲུ་གཅིག་ནང་གནས་པའི་མི་བཞིན་གཅིག་མཐུན་ཡོང་དགོས”ཞེས་བཤད་མྱོང་ཡོད་ཅིང་། ངས་བལྟས་ན་ད་ལྟ་ནི“གོ་ལ་གཅིག་གི་སྟེང་གནས་པའི་མི་ཚང་མས་བསམ་པ་གཅིག་མཐུན་བྱེད་དགོས”པའི་དུས་སྐབས་སུ་སླེབས་འདུག་སྙམ། མིའི་རིགས་ཀྱི་སྤྱི་ཚོགས་ནི་བདེ་སྡུག་དང་ཆག་སྒོ་ཅི་རིགས་ཕན་ཚུན་རྟེན་ཅིང་འབྲེལ་བའི་དབང་གིས་གྲུབ་ཡོད་ཅིང་། རྒྱལ་ཁབ་སོ་སོའི་ཁྲོད་དུ་རང་ཉིད་ཡོད་པའི་རྨང་གཞིའི་སྟེང་དུ་རྒྱལ་ཁབ་གཞན་དག་ཀྱང་འདུས་ཡོད་པས། འདི་ང་དང་འདི་ཁྱོད་ཅེས་དབྱེ་གཞི་གསལ་ཐག་ཆོད་པ་ཞིག་རྙེད་དཀའ་སྙམ། དེ་བས་ཚང་མས་གཉིས་རྒྱལ་དང་མང་རྒྱལ་མངོན་འགྱུར་ཡོང་ཆེད་ཐུན་མོང་གི་ངོས་འཛིན་ཆེ་ཤོས་གཅིག་སྡུད་བྱེད་དགོས་ལ། འདི་ནི་ཀྲུང་གོས་འཛམ་གླིང་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ལྟ་སྟངས་འཛིན་བྱེད་ཀྱི་གཞི་འཛིན་སའང་ཡིན། ངས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་རྣམ་པ་ཡོད་དགོས་པ་དང་། རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་བློ་རྒྱ་དང་འགན་འཁྲི་ཡོད་དགོས་པའི་ལྟ་བ་འཛིན་གྱིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀས་གནད་འདིའི་ཐད་མིག་དཔེ་བསྟན་ཏེ། འཛམ་གླིང་གི་ཞི་བདེར་འགན་འཁུར་རྒྱུ་དང་། རྒྱལ་ཁབ་སོ་སོ་འཕེལ་རྒྱས་ཡོང་བར་གོ་སྐབས་བསྐྲུན་པ། འཛམ་གླིང་ཧྲིལ་པོར་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པ། འཛམ་གླིང་གི་མཐུན་སྒྲིལ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་འབད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་པའེ་ཏིན་ཨ་མེ་རི་ཁའི་ཅིའུ་ཅན་ཧྲན་དུ་ཐུག་འཕྲད་བྱེད་སྐབས། མཉམ་དུ་ཡང་དག་པའི་ངོས་འཛིན་འཛུགས་རྒྱུ་དང་མཉམ་དུ་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། མཉམ་དུ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཉམ་ཁུར་བྱེད་པ། མཉམ་དུ་མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཀ་རྟེན་ལྟ་བུའི་བསམ་ཕྱོགས་ལྔ་བཏོན་ཡོད་ཅིང་། དེ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐོག་ཁང་འདི་ལ་ཡོད་དགོས་པའི་ཀ་བ་བཞི་དང་གདུང་མ་བརྒྱད་ལྟ་བུ་ཡིན། རྩ་དོན་ཆེན་པོ་གཏན་འཁེལ་བྱས་པ་ཡིན་ན། གཞི་ནས་གནད་དོན་གཞན་དག་ལས་སླ་མོའི་ངང་ཐག་གཅོད་བྱེད་ཐུབ།  ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་བྱེད་འདོད་ཡོད་ནའང་མཉམ་ལས་ནི་ཕྱོགས་གཉིས་ཀའི་ལས་དོན་ཞིག་ཡིན། ང་ཚོ་འགྲན་རྩོད་ལ་མི་སྐྲག་ནའང་འགྲན་རྩོད་ནི་མཉམ་དུ་ཡར་རྒྱས་ཡོང་བའི་ལས་དོན་ཞིག་ཡིན་པ་ལས་ཕན་ཚུན་བར་ད་གཏད་དུ་ལངས་རེས་བྱེད་པའི་རྣམ་པ་ཞིག་ཡིན་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་མནའ་འབྲེལ་མི་སྒྲིག་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ཅིང་། ཨ་མེ་རི་ཁ་ཕྱོགས་ཀྱང་ཤོག་ཁག་ཆུང་ངུ་མི་འཛུགས་རྒྱུ་གལ་ཆེ། ཕྱོགས་གཉིས་ཀར་རང་ཉིད་ཀྱི་གྲོགས་པོ་དང་ཟླ་གྲོགས་ཡོད་ཆོག་པ་ལས། ཕ་རོལ་པོར་ཁ་གཏད་འཇལ་མི་རུང་བ་དང་ཕ་རོལ་པོར་ངོ་རྒོལ་བྱེད་མི་རུང་ལ། ཕ་རོལ་པོར་གནོད་འཚེ་གཏོང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་རང་ལ་ཡིད་ཆེས་ཡོད་པ་དང་སྒོ་འབྱེད་ཡིན་ཞིང་དར་རྒྱས་གོང་འཕེལ་གྱི་ཨ་མེ་རི་ཁ་ཞིག་མཐོང་འདོད་ཆེ་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོར“ཉིན་རེར་ཡར་རྒྱས་བརྩོན་ལེན་མ་བྱས་ན། ནམ་ཉི་མ་ཞིག་ལ་ཕྱི་སྣུར་རྒྱག་ངེས་ཡིན”ཞེས་པའི་སྐད་ཆ་ཞིག་ཡོད་ཅིང་། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བའང་དེ་དང་གཅིག་འདྲ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་པོ་ཡོང་བའི་འཕེལ་ཕྱོགས་ནི་ལས་སླ་མོ་ཞིག་གཏན་ནས་མིན་པར། ཕྱོགས་གཉིས་ཀའི་ཚོགས་པས་མུ་མཐུད་འབད་བརྩོན་བྱས་ནས། ང་དང་ཙུང་ཐུང་པའེ་ཏིན་བར་བྱུང་བའི“ཅིག་ཅན་ཧྲན་གྱི་ཕུགས་འདུན”དོན་འཁྱོལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དངོས་གནས་བརྟན་པོ་དང་ལེགས་པོ། མདུན་ནས་མདུན་དུ་བསྐྱོད་ཐུབ་པ་བཅས་ཡོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

པུའུ་ལིན་ཁིན་གྱིས་ཐོག་མར་ཙུང་ཐུང་པའེ་ཏིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསྐུར་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས་རྗེས། ཙུང་ཐུང་པའེ་ཏིན་གྱིས་ཅིའུ་ཅིན་ཧྲན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་བྱས་པའི་ཚུན་ལ། ཕྱོགས་གཉིས་ཀའི་འགྲོ་འོང་དང་དུག་འགོག མིས་བཟོས་རིག་ནུས། མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེང་སྐབས་ཀྱི་འཛམ་གླིང་རྙོག་འཛིང་ཆེ་བའི་འགྲན་སློང་མང་བོར་འཕྲད་ཡོད་པས། འགྲན་སློང་དེ་དག་ཚང་མར་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་མཉམ་ལས་བྱས་ནས་ཁ་གཏད་འཇལ་དགོས། ཀྲུང་གོར་འཚམས་འདྲིར་ཡོང་བའི་རིང་ལ། ངས་ཀྲུང་གོར་ཡོད་པའི་ཨ་མེ་རི་ཁའི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་བྱེད་སྐབས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་རེ་ལྟོས་བྱེད་ཀྱིན་པའི་བསམ་ཚུལ་རྟོགས་བྱུང་། ཨ་མེ་རི་ཁ་ཕྱོགས་ཀྱིས“འཇམ་འཐབ་གསར་པ”མི་འཚོལ་བ་དང་ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་ཐབས་མི་བྱེད་པ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་མི་བྱེད་ལ། མནའ་མཐུན་གྱི་འབྲེལ་བར་གཞིགས་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ་དང་། ཀྲུང་གོའི་བར་འཁྲུག་རྩོད་མི་བྱེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་བར་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཅིའུ་ཅིན་ཧྲན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ནས། མཉམ་ལས་སྔར་ལས་གང་མང་འཚོལ་རྒྱུ་དང་། ཕན་ཚུན་བར་གོ་འཛོལ་མི་ཡོང་བར་བྱས་ཏེ། འགན་ཁུར་བའི་ངོས་ནས་འགལ་བར་དོ་དམ་ཚོད་འཛིན་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་པུའུ་ལིན་ཁིན་བརྒྱུད་དེ་ཙུང་ཐུང་པའེ་ཏིན་ལ་འཚམས་འདྲི་མཛད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།