ཞི་ཅིན་ཕིང་གིས་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་ལ་གཟིགས་ཞིབ་གནང་སྟེ་གསུང་བཤད་གལ་ཆེན་སྤེལ་བར་ཚུར་སྣང་ཆེན་པོ་བྱུང་།
2024.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ4པའི་ཚེས23ཉིན། སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་ལ་གཟིགས་ཞིབ་གནང་ནས། གཡུལ་སར་ཁ་ཕྱོགས་པ་དང་དཔུང་སྡེར་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བྱས་ཏེ། འཛམ་གླིང་གི་དམག་དོན་གསོ་རིག་སློབ་ཆེན་རྩེ་གྲ་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་དཔོན་དམག་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ནན་མོ་བླངས་ནས། སྤྱི་ཁྱབ་བཀོད་འདོམས་པའི་སྐུལ་ལྕག་དང་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། དམག་སྦྱོང་དང་དམག་གྲབས་ལ་དམ་པོར་དམིགས་ནས། གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་འཕྲོད་བསྟེན་ཞབས་ཞུའི་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་བཏང་སྟེ། དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས། སློབ་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་རྗེས། སློབ་ཆེན་འཛུགས་སྐྲུན་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གནང་། སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་ནི་རང་དམག་གི་གསོ་རིག་ཕྱོགས་ཀྱི་མཐོ་རིམ་སློབ་གསོའི་སློབ་གླིང་ཞིག་ཡིན་པ་དང་། དམག་ཡོངས་ཀྱི་འཕྲོད་བསྟེན་ཞབས་ཞུའི་སྟོབས་ཤུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། དེར་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་གོམས་སྲོལ་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། དམག་དོན་འཐབ་རྩོད་ཀྱི་འཕྲོད་བསྟེན་ཞབས་ཞུའི་འགན་ལེན་དང་པྲོག་གསར་རིམས་ནད་འགོག་སྡོམ་སོགས་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ཡོངས་འགྲུབ་བྱས་མྱོང་།

དེང་རབས་དམག་འཁྲུག་ལ་མཚོན་ནས་བཤད་ན། འཐབ་ཕྱོགས་དང་པོའི་སྐྱོབ་བཅོས་ནུས་པའི་བླང་བྱ་མངོན་སུམ་གྱིས་ཇེ་ཆེར་འགྲོ་བཞིན་ཡོད་པས། དམག་དཔུང་གི་འཕྲོད་བསྟེན་ཞབས་ཞུའི་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི། དམག་དོན་འཐབ་རྩོད་ལ་གྲ་སྒྲིག་ཡག་པོ་བྱེད་པའི་དངོས་ཡོད་དགོས་མཁོ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པའི་སྐོར་ནས་དམག་དཔུང་གི་སྨན་བཅོས་མི་སྣས་བཤད་རྒྱུར། ཡོད་ཚད་དམག་འཁྲུག་གི་ཆེད་དུ་ཡིན་པའི་གཞི་རྩའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དཔུང་སྡེ་ཡི་འགན་ནུས་དང་ལས་འགན་ལ་དམ་པོར་སྦྲེལ་ཏེ། གཡུལ་སའི་འཕྲལ་མཁོ་དང་འཐབ་ཕྱོགས་དང་པོའི་འཕྲལ་མཁོ་འབུར་ཐོན་ཡོང་བར་བྱེད་པ། དམག་དོན་གསོ་རིག་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྨན་བཅོས་ལག་རྩལ་གསར་པ་འཕེལ་རྒྱས་སུ་གཏོང་བ། འཕྲོད་བསྟེན་ཞབས་ཞུའི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཟེར།

སློབ་སྦྱོང་དང་གྲོས་སྡུར་བྱེད་སྐབས། རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲོད་བསྟེན་ཞབས་ཞུ་འགན་ལེན་གྱི་ལས་རིམ་སོ་སོའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་བླང་བྱར་དམ་པོར་དམིགས་ནས། མྱོང་ཚོར་གླེང་བ་དང་། ཕུགས་བསམ་དང་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། དཔུང་སྡེའི་འཐབ་འཛིང་ནུས་པ་དང་དཔོན་དམག་གི་ལུས་སེམས་བདེ་ཐང་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་མངོན་གསལ་ཞིག་བཙུགས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།