ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ་ཞེས་པའི2023ལོའི་པར་གཞི》ཡི་དབྱིན་ཡིག་པར་གཞི་དེ། ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས།
《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ་ཞེས་པའི2023ལོའི་པར་གཞི》ཡི་དབྱིན་ཡིག་པར་གཞི་དེ་ནི། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེབ་དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ9པ་ནས2023ལོའི་ཟླ11པའི་བར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་ཡིག་ཆ་གལ་ཆེན78བསྡུས་ཡོད། དེབ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་གནང་བའི་མཛུབ་སྟོན་རྩ་དོན་དང་ཕུན་སུམ་ཚོགས་པའི་ནང་དོན། དམིགས་འབེན་ཐབས་ལམ་སོགས་ལ་རྒྱས་བཤད་ཟབ་མོ་གནང་བ་མ་ལག་ཆ་ཚང་བའི་སྒོ་ནས་ཚུར་སྣང་བྱེད་ཐུབ་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཀྲུང་གོས་གྲོས་འགོ་བཏོན་རྗེས་རྒྱལ་སྤྱིའི་ལག་ལེན་དུ་གྱུར་པའི། ཐོག་མའི་འདུ་ཤེས་ཤིག་ནས་དེང་གི་བྱ་སྤྱོད་དངོས་སུ་གྱུར་པའི་ཆ་དང་། ཐོག་མའི་ཕུགས་འདུན་ཞིག་ནས་དེང་གི་དོན་སྨིན་བྱུང་བའི་ཆ། ཐོག་མའི་བཀོད་པ་རགས་མོ་ནས་དེང་གི་ཞིབ་ཕྲའི་ལས་དོན་བར་གྱི་བརྒྱུད་རིམ་བཅས་སྣ་སྒོ་མོ་ནས་མཚོན་ཡོད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལས་དོན་ལ་གྲུབ་འབྲས་ལྗིད་ཏིག་ཏིག་ཐོབ་ནས། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཏུ་གྱུར་ཡོད།
དེབ་དེའི་དབྱིན་ཡིག་པར་གཞི་དཔར་འགྲེམས་སྤེལ་བྱས་པ་དེས། ཕྱི་རྒྱལ་གྱི་ཀློག་པ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འདུ་ཤེས་དང་བྱེད་ཐབས། དམིགས་འབེན། གྲུབ་འབྲས་བཅས་ལ་རྒྱུས་ལོན་ཞིབ་མོ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་དང་རྒྱུས་ལོན་བྱེད་ཚད་སྔར་ལས་ཇེ་གསལ་དུ་འགྲོ་ངེས་པར་མ་ཟད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”གིས་རྒྱལ་ཁབ་དང་མི་དམངས་སྔར་ལས་གང་མང་ལ་ཕན་ཐོགས་ངེས་ཡིན་པ་བཅས་ཀྱི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན།
བན་དེ་སྐྱབས་ཀྱིས་བསྒྱུར།